དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས27ཉིན་བཤད་རྒྱུར། ཅ་ཧྲ་ས་ཁུལ་དུ་བཀག་ཉར་བྱས་པའི་དབྱི་སི་རལ་གྱི་མི་ཞིག་ས་འོག་ཕུག་ལམ་ཞིག་ནས་བསྐྱབས་ཐུབ་པ་བྱུང་ཟེར།
ཚེས27ཉིན་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གི་མགྲིན་ཚབ་པ་ཧ་ཅཱ་ལི་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཤད་རྒྱུར། དབྱི་སི་རལ་གྱི་འཇབ་རྒོལ་རུ་ཁག་ཅིག་གིས་ཉིན་དེར་ཡང་དག་པའི་གསང་འཕྲིན་གཞིར་བཟུང་ནས་ཅ་ཧྲ་ས་ཁུལ་གྱི་ས་འོག་ཕུག་ལམ་ཞིག་ནས་བཀག་ཉར་བྱས་པའི་མི་སྣ་ཞིག་བསྐྱབས་པ་དང་། གཞན་ཡང་དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་དང་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ(ཞིན་པེ་ཐི)ཡི་མི་སྣས་ཉེ་ལམ་མུ་མཐུད་དུ་ཅ་ཧྲ་ས་ཁུལ་གྱི་ས་འོག་ཕུག་ལམ་ནང་བཀག་ཉར་བྱས་པ་འཚོལ་ཞིབ་བྱེད་པའི་བྱ་སྤྱོད་སྤེལ་རྒྱུ་ཡིན་ཟེར།
དབྱི་སི་རལ་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དེ་ནི་དབྱི་སི་རལ་གྱི་དམག་དོན་བྱ་སྤྱོད་སྤེལ་བ་ལས་བསྐྱབས་པའི་དབྱི་སི་རལ་གྱི་བཀག་ཉར་མི་སྣ་ཨང་བརྒྱད་པ་དེ་རེད་ཟེར།
དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་བཀག་ཉར་བྱས་པའི་མི་སྣ་ཡོངས་གློད་དཀྲོལ་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པར་བཤད། ཁོས་བསྟན་དོན། དབྱི་སི་རལ་ཕྱོགས་ཀྱིས་བྱེད་ཐབས་གཙོ་བོ་རིགས་གཉིས་བརྒྱུད་དེ་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ཡིན་པ་སྟེ། གྲོས་མོལ་དང་རྒུད་སྐྱོབ་བྱེད་པའི་བྱ་སྤྱོད་སྤེལ་རྒྱུ་ཡིན་ལ་། དེ་དང་ཆབས་ཅིག ཁོས་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་གནས་པའི་དགོས་ངེས་རང་བཞིན་ནན་བཤད་བྱས་པར་མ་ཟད། དབྱི་སི་རལ་ཕྱོགས་ཀྱིས་མུ་མཐུད་དུ་དམག་དོན་གྱི་གནོན་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པར་བཤད།
ན་ནིང་ཟླ10པའི་ཚེས7ཉིན་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་ཅ་ཧྲ་ས་ཁུལ་དུ་དབྱི་སི་རལ་གྱི་མངའ་ཁོངས་སུ་ཡོད་པའི་དམག་དམངས་དམིགས་འབེན་ལ་བཟུང་ནས་འཇབ་རྒོལ་བྱས་པ་དང་། དབྱི་སི་རལ་གྱིས་དེའི་རྗེས་སུ་ཅ་ཧྲ་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་དམག་དོན་བྱ་སྤྱོད་སྤེལ་བ་རེད། ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཁྱབ་སྒྲོག་བྱས་པའི་གྲངས་ཀ་གསར་བ་ལྟར་ན། ཐེངས་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གདོང་ཐུག་བྱུང་བ་ནས་བཟུང་། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་ཡོད་པའི་དམག་དོན་བྱ་སྤྱོད་ཀྱིས་ཕ་ལེ་སི་ཐན་གྱི་མི་སྣ་ཁྲི་དགུ་དང་སྟོང་གསུམ་ཙམ་ལ་ཤི་རྨས་བཟོས་ཡོད་ཟེར།
ཚེ་རིང་སྒྲོལ་མས་བསྒྱུར།