ཝང་དབྱི་ཡིས་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྲ་ལིས་ཝུན་དང་ལྷན་དུ་འཐབ་ཇུས་འབྲེལ་གཏུག་བྱས།
2024.08.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 75

ཟླ8པའི་ཚེས27ཉིན་ནས་ཚེས28ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་ཡིས་པེ་ཅིང་དུ། ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྲ་ལིས་ཝུན་དང་ལྷན་དུ། རེས་སྐོར་གསར་པའི་འཐབ་ཇུས་འབྲེལ་གཏུག་བྱས་ཏེ། ལྷག་བསམ་ཟོལ་མེད་དང་བདེན་དངོས་རང་བཞིན་ཆེ་བ། དགེ་མཚན་ལྡན་པ་བཅས་ཀྱི་སྒོ་ནས་གྲོས་སྡུར་བྱས།

ཝང་དབྱི་ཡིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་འཕེལ་འགྲིབ་འབྱུང་མུས་ཡོད་ཅིང་། དེའི་ནང་གི་ཉམས་མྱོང་དང་བསླབ་བྱར་སྤྱི་སྡོམ་བྱས་པ་ཡིན་ན། གཞི་ནས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་འབྱུང་འགྱུར་སྔར་ལས་ལེགས་པའི་སྒོ་ནས་བསྐྲུན་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་ཡང་དག་པའི་མཉམ་གནས་ལམ་བུའང་འཚོལ་ཞིབ་བྱེད་ཐུབ། གཅིག་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ཡི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱ་དགོས་ན། ཆེས་འགག་རྩ་ནི་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཁ་ཕྱོགས་སྟོན་ཐུབ་མིན་ལ་ཐད་ཀར་རག་ལས་ཡོད།  གཉིས་ནས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གདོང་གཏུག་དང་འགྲན་རྒོལ་མི་ཡོང་བར་བྱེད་པའི་འགག་རྩ་ནི། མཉམ་འབྲེལ་སྤྱི་བསྒྲགས་གསུམ་ལ་བརྩི་སྲུང་ཞུ་ཐུབ་མིན་ལ་ཐད་ཀར་རག་ལས་ཡོད། གསུམ་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་ལས་མཉམ་འགུལ་བདེ་བླག་ངང་སྤེལ་དགོས་ན། ཆེས་འགག་རྩ་ནི་ཕན་ཚུན་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་མིན་ལ་རག་ལས་ཡོད། བཞི་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་བར་གཡི་འབྲེལ་བ་ཡུན་རིང་བརྟན་པོ་ཡོང་དགོས་ན། ཆེས་འགག་རྩ་ནི་དམངས་འདོད་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་ཐུབ་མིན་ལ་རག་ལས་ཡོད། ལྔ་ནས་ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀས་ཞི་བདེ་མཉམ་གནས་མངོན་འགྱུར་ཡོང་བར་བྱེད་པའི་ཆེས་འགག་རྩ་ནི་ཕན་ཚུན་བར་ངོས་འཛིན་ཡང་དག་པ་བྱེད་ཐུབ་མིན་ལ་རག་ལས་ཡོད་ཅེས་བསྟན།

ཝང་དབྱི་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ངོ་སྤྲོད་བྱས་ནས། ད་ཐེངས་ཀྱི་ཚོགས་འདུ་ནི་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་ལམ་ཚད་རྡོ་རིང་གསར་པ་གལ་ཆེན་ཞིག་ཡིན་པ་དང་། ཕྱི་ཕྱོགས་ཀྱིས་ཀྲུང་གོ་ཤེས་རྟོགས་ཐུབ་རྒྱུར་མཐོང་རྒྱ་གསར་པ་མཁོ་འདོན་བྱས་ཡོད་ལ། རྒྱལ་ཁབ་སོ་སོ་མཉམ་དུ་ འཕེལ་རྒྱས་འགྲོ་རྒྱུར་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད་ཅེས་བསྟན།

ཝང་དབྱི་ཡིས་ཐའེ་ཝན་ནི་ཀྲུང་གོར་གཏོགས་པ་དང་ཀྲུང་གོ་གཅིག་གྱུར་ཡོང་ཁོ་ཐག་ཡིན།  “ཐའེ་ཝན་རང་བཙན་”ནི་ཐའེ་ཝན་མཚོ་འགག་ཞི་བདེ་བརྟན་བརླིང་མི་ཡོང་བར་བྱེད་པའི་ཉེན་ཁ་ཆེན་པོ་ཞིག་ཡིན། ཨ་མེ་རི་ཁ་ཕྱོགས་ཀྱིས“ཐའེ་ཝན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པའི་ཁས་ལེན་དོན་ཐོག་ཏུ་འཁྱོལ་བར་འབད་རྒྱུ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ལ་བརྩི་སྲུང་ནན་མོ་བྱས་ཏེ། ཐའེ་ཝན་ལ་དྲག་ཆས་སྤྲོད་མཚམས་འཇོག་རྒྱུ་དང་། ཀྲུང་གོ་ཞི་བས་གཅིག་གྱུར་ཡོང་བར་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན།

ཝང་དབྱི་ཡིས་རྒྱལ་ཁབ་སོ་སོའི་བདེ་འཇགས་དེ་ངེས་པར་དུ་ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཡིན་དགོས་པ་དང་། རྒྱལ་ཁབ་དེ་གའི་བདེ་འཇགས་དེ་རྒྱལ་ཁབ་གཞན་གྱི་བདེ་འཇགས་མིན་པའི་རྨང་གཞིའི་སྟེང་དུ་གཏན་ནས་འཛུགས་མི་རུང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་མཐའ་མཚམས་གསལ་པོ་དགོས་པ་དང་། ལྷག་པར་དུ་དཔལ་འབྱོར་ཁྱབ་ཁོངས་སུ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་མཚམས་འབྱེད་དགོས། ཨ་མེ་རི་ཁ་ཕྱོགས་ཀྱིས་དཔལ་འབྱོར་ཚོང་དོན་དང་ཚན་རྩལ་ཁྱབ་ཁོངས་སུ་ཀྲུང་གོར་གནོན་ཤུགས་སྤྲོད་མཚམས་འཇོག་དགོས་པ་དང་། ཀྲུང་གོ་ཕྱོགས་ཀྱི་ལུགས་མཐུན་ཁེ་ཕན་ལ་གནོད་འཚེ་གཏོང་མཚམས་འཇོག་དགོས། “ཐོན་ནུས་ལྷག་དྲགས་པ”ལ་ཁ་གཡར་ནས་སྲུང་སྐྱོབ་རིང་ལུགས་སྤེལ་བ་དེས། འཛམ་གླིང་ཧྲིལ་པོའི་ལྗང་མདོག་འཕེལ་རྒྱས་ལ་གནོད་པ་ཐེབས་བཞིན་ཡོད་ཅིང་། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ཤུགས་རྐྱེན་ཐེབས་ངེས་ཡིན་ཞེས་བསྟན།

ཝང་དབྱི་ཡིས་ཀྲུང་གོས་ལྷོ་རྒྱ་མཚོའི་གླིང་ཕྲན་ཁག་གི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་བཞིན་ཡོད་ཅིང་། 《ལྷོ་རྒྱ་མཚོའི་ཕྱོགས་སོ་སོའི་བྱ་སྤྱོད་བསྒྲགས་གཏམ》གྱི་གཟབ་ནན་རང་བཞིན་དང་ཕན་ནུས་རང་བཞིན་ལ་སྲུང་སྐྱོབ་ནུས་ལྡན་བྱེད་ཀྱིན་ཡོད། ཨ་མེ་རི་ཁས་ཕྱོགས་གཉིས་ཀའི་ཆིངས་ཡིག་ལ་ཁ་གཡར་ནས་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་གཏོང་མི་རུང་ལ། ཧྥི་ལི་ཕིན་གྱིས་ཁེ་དབང་ལ་བཙན་གནོད་གཏོང་བའི་བསམ་སྦྱོར་རྒྱ་ཡན་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་མི་ཆོག་ཅེས་བསྟན།

ཧྲ་ལིས་ཝུན་གྱིས་ཨ་མེ་རི་ཁ་དང་ཀྲུང་གོའི་བར་མི་མཐུན་པའི་ཆ་དང་འགྲན་རྩོད་ཡོད་ལ་མཉམ་ལས་བྱེད་དགོས་པའི་ཁྱབ་ཁོངས་ཀྱང་མང་པོ་ཡོད། འདྲ་མཉམ་གྱི་རྣམ་པའི་ངོས་ནས་ཕ་རོལ་པོར་ལྟ་སྟངས་བཟུང་བ་ཡིན་ན། གཞི་ནས་འགྲན་རྩོད་ཀྱང་བདེ་ཐང་དང་འདྲ་མཉམ་ཡོང་ངེས་ཡིན། ཨ་མེ་རི་ཁས་ཀྲུང་གོའི་བར་འབྲེལ་ཐག་གཙང་གཅོད་བྱེད་འདོད་མེད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་རྒྱུ་ལས། “ཐའེ་ཝན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པ་དང་། “ཀྲུང་གོ་གཉིས”ལ་རྒྱབ་སྐྱོར་མི་བྱེད་པ། “ཀྲུང་གོ་གཅིག་དང་ཐའེ་ཝན་གཅིག”ལ་རྒྱབ་སྐྱོར་མི་བྱེད།  ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་གོ་ལ་ཆེན་པོ་འདིའི་སྟེང་ཡུན་རིང་ཞི་བདེ་མཉམ་གནས་ཡོང་ངེས་ཡིན་ལ། ཨ་མེ་རི་ཁའི་སྲིད་ཇུས་ཀྱི་དམིགས་འབེན་ནི། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་བྱེད་ཐབས་འཚོལ་རྒྱུ་དེ་ཡིན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འཐབ་ཇུས་ཀྱི་འབྲེལ་གཏུག་མུ་མཐུད་རྒྱུན་འཁྱོངས་བྱས་ནས། ཕན་ཚུན་བར་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཕན་ཚུན་བར་གོ་ནོར་མི་ཐེབས་པར་བྱེད་པ། གོ་ནོར་ཐེབས་པ་ལས་བསྐྱེད་པའི་བརྡར་ཤ་གཅོད་སྟངས་ཡང་དག་མིན་པ་ཇེ་ཉུང་དུ་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་བསྟན།

ཕྱོགས་གཉིས་ཀས་ད་དུང་ཝུའུ་ཁི་ལན་དང་དབུས་ཤར་ས་ཁུལ། ཁྲའོ་ཞན་ཕྱེད་གླིང་སོགས་ཀྱི་གནད་དོན་ཐད་ནས་ཀྱང་བསམ་འཆར་བརྗེ་རེས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།