ཁུའུ་ཨར་སི་ཁུ་ཉིང་རྡུལ་གློག་འདོན་ས་ཚིགས་ཉེ་འགྲམ་དུ་འགས་གཏོར་བྱུང་མེད་པའི་མེ་ཤུགས་འཕུར་མདེལ་ཞིག་གསར་མཐོང་བྱུང་།
2024.08.29 ཁུངས། ཀློག་གྲངས། 25

ཨུ་རུ་སིའི་རྒྱལ་དམངས་ཉེ་སྲུང་དམག་གིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཁུའུ་ཨར་སི་ཁུ་ཉིང་རྡུལ་གློག་འདོན་ས་ཚིགས་ཉེ་འགྲམ་དུ་འགས་གཏོར་བྱུང་མེད་པའི་མེ་ཤུགས་འཕུར་མདེལ་ཞིག་གསར་མཐོང་བྱུང་་ཟེར། 

ཨུ་རུ་སིའི་རྒྱལ་དམངས་ཉེ་སྲུང་དམག་གི་གཞུང་ཕྱོགས་དྲ་བས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཨུ་རུ་སིའི་རྒྱལ་དམངས་ཉེ་སྲུང་དམག་གིས་ཁུའུ་ཨར་སི་ཁུ་ཉིང་རྡུལ་གློག་འདོན་ས་ཚིགས་དང་བར་ཐག་སྤྱི་ལེ་ལྔའི་མཚམས་སུ་ཝུའུ་ཁི་ལན་གྱི་དམག་མིས་འཕངས་པའི་མེ་ཤུགས་འཕུར་མདེལ་ཞིག་མཐོང་ཞིང་མྱུར་དུ་མེད་བརླག་བཟོས། མེ་ཤུགས་འཕུར་མདེལ་དེ་མདེལ་མང་རིགས་ཀྱི་འཕུར་མདའ་རེད། དེའི་ནང་དུ་འབར་གས་བྱུང་མེད་པའི་མདེའུ་བརྒྱ་དང་བརྒྱད་ཅུ་བཅུག་འདུག་ཟེར།

ཨུ་རུ་སིའི་དབུས་ཤར་ས་ཆ་སྟེ་ཅི་ལུའོ་ཧྥུ་མངའ་སྡེ་རུ་ཝུའུ་ཁི་ལན་གྱི་དམག་མིའི་འཇབ་རྒོལ་ཐེབས། ཅི་ལུའོ་ཧྥུ་མངའ་སྡེའི་དཔོན་པོ་སོ་ཁུ་ལོ་ཧྥུ་ཡིས་ཉིན་དེར་སྤྱི་འབྲེལ་སྨྱན་སྦྱོར་ཐོག་བཤད་རྒྱུར། མངའ་སྡེ་དེའི་ཁུ་ཅིན་ལིས་ཉིས་ཆིས་གྲོང་ཁྱེར་དུ་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་པ་དང་། མི་མེད་གནམ་གྲུ་གཉིས་སར་འཕངས་མོད། མི་མེད་གནམ་གྲུ་གཞན་གསུམ་ས་དེའི་བཟོ་གྲྭའི་ཁུལ་ཞིག་ཏུ་ལྷུང་ནས་མེ་སྐྱོན་བཟོས་ཟེར། 

ཨུ་རུ་སི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་སྤེལ་བའི་བརྙན་ཐུང་ཞིག་ལས་མངོན་པ་ལྟར་ན། ཨུ་རུ་སིའི་དམག་མིས་ཝུའུ་ཁི་ལན་སུའུ་མེ་མངའ་སྡེ་རུ་འཁོར་མཛོད་ཅིག་གཏོར། འཁོར་མཛོད་དེའི་ནང་དུ་ཝུའུ་ཁི་ལན་གྱི་དམག་མིའི་ཧེ་མ་ཟི་སྦུག་མང་འཕུར་མདེལ་དང་། མེ་ཤུགས་འཕུར་མདེལ་མང་པོ་འདུག  ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་བཤད་རྒྱུར། ཁེ་ཉིན་དགོང་མོ། ཨུ་རུ་སིའི་མཁའ་སྲུང་མ་ལག་གིས་ཝོ་ལོ་ནེ་རི་མངའ་སྡེ་དང་ལུའོ་ཟི་ཐོ་ཧྥུ་མངའ་སྡེ་རུ་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ་བཅུ་གཉིས་སར་འཕངས། ལུའོ་ཟི་ཐོ་ཧྥུ་མངའ་སྡེའི་དཔོན་པོ་ཀི་ལུའུ་པེ་ཧྥུ་ཡིས་བདེན་དཔང་བྱས་དོན། མངའ་སྡེ་དེའི་འབར་རྫས་མཛོད་ཁང་ཞིག་མི་མེད་གནམ་གྲུས་འཇབ་རྒོལ་ཁྲོད་མེ་ལ་ཤོར་སོང་ཟེར། 

ཝུའུ་ཁི་ལན་གྱི་རྒྱལ་ཁབ་གློག་ཤུགས་ཀུང་ཟིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་རྒྱུར། ཚེས་ཉེར་དྲུག་ཉིན་ཝུའུ་ཁི་ལན་གྱིས་ཨུ་རུ་སི་ལ་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་བྱས་པས། ཝུའུ་ཁི་ལན་གྱི་ཅི་ཧྥུ་མངའ་སྡེ་དང་ཨོ་ཏི་ས་མངའ་སྡེ། ཏིས་ནེ་ཕོ་ལོ་ཕིས་ཏི་ལུའོ་ཧྥུ་སི་ཁུ་མངའ་སྡེ་སོགས་ས་ཁུལ་མང་པོ་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོ་དུས་ཚོད་དགུ་ནས་བཅུ་གཅིག་བར་དུ་གནས་སྐབས་ཀྱི་གློག་གཏོང་མཚམས་འཇོག་པའི་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར། 

ཝུའུ་ཁི་ལན་རྒྱལ་སྤྱིའི་ཡིག་རྡུལ་འཕྲིན་གཏོང་ཁང་དང་ཝུའུ་ཁི་ལན་བདེན་ལུགས་ཚགས་པར་སོགས་སྨྱན་སྦྱོར་གྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་མིས་ཉིན་དེར་ཨུ་རུ་སིའི་ལུའོ་སི་ཐོ་ཧྥུ་མངའ་སྡེ་ཡི་སྣུམ་མཛོད་ཅིག་མི་མེད་གནམ་གྲུ་ལ་བརྟེན་ནས་གཏོར་སྐྱོན་བཟོས། སྣུམ་མཛོད་དེ་ནི་ཨུ་རུ་སིའི་དམག་མིའི་སྤྱི་བའི་ལག་ཆའི་ཁྲོད་ཀྱི་ཁག་ཅིག་རེད་ལ། ཨུ་རུ་སིའི་དམག་མིར་སྣུམ་འདོན་སྤྲོད་བྱེད་ཀྱིན་འདུག་ཟེར། 

ཝུའུ་ཁི་ལན་གྱི་དྲག་ཆས་སྟོབས་ཤུགས་ཀྱི་སྤྱི་ཁྱབ་བློ་འདོན་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། འདས་པའི་ཉིན་གཅིག་གི་རིང་ལ། ཝུའུ་ཁི་ལན་དང་ཨུ་རུ་སི་ཕྱོགས་གཉིས་བར་དུ་འཐབ་འཁྲུག་ཐེངས་བརྒྱ་དང་གྱ་བཞི་བརྒྱབ་པ་དང་། ཀྲུ་ཁུ་པོ་ལོ་ཟི་ཁུའི་ཕྱོགས་གཅིག་པུ་ནས་ཐེངས་ང་ལྔ་ལ་གདོང་ཐུག་བྱུང་། ཨུ་རུ་སིའི་དམག་མི་དག་ཁུའུ་ཕིས་དབྱང་སི་ཁུ་དང་ཏོ་ལེ་ཚི་ཁུ་ཕྱོགས་སུའང་འགུལ་སྐྱོད་བྱེད་བཞིན་འདུག   

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།