མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པ་ནོན་དུ་སྡོད་པའི་དམག་དཔུང་གི་འགན་ཡུན་ཇེ་རིང་དུ་བཏང་།
2024.08.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་གྲོས་ཆོད་ཨང་2749ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་སྟེ། ལེ་པ་ནོན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་(མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པ་ནོན་དུ་སྡོད་པའི་དམག་དཔུང)གི་འགན་ཡུན་དེ2025ལོའི་ཟླ8པའི་ཚེས31ཉིན་བར་ཕྱིར་འགྱངས་བྱས།

གྲོས་ཆོད་ནང་འབྲེལ་ཡོད་ཕྱོགས་སོ་སོས་མྱུར་མོར་བྱེད་ཐབས་སྤྱད་དེ་གནས་བབ་ཞི་འཇགས་སུ་གཏོང་དགོས་པ་དང་། དེའི་ནང་དུ་ལེ་པ་ནོན་དང་དབྱི་སི་རལ་མཐའ་མཚམས་ཀྱི“ལམ་ཐིག་སྔོན་མོའི”གཞོགས་གཉིས་ཀྱི་ལྷིང་འཇགས་དང་། ཚོད་འཛིན། བརྟན་བརླིང་བཅས་སླར་གསོ་བྱ་རྒྱུ་འདུས་ཡོད་པར་མ་ཟད། འབྲེལ་ཡོད་ཕྱོགས་སོ་སོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང1701པ་ལག་བསྟར་བྱ་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པ་ནོན་དུ་སྡོད་པའི་དམག་དཔུང་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས1978ལོར་གྲོས་འཆམ་བྱུང་བའི་གྲོས་ཆོད་ཨང་425པ་གཞིར་བཟུང་ནས་བཙུགས་པ་ཞིག་རེད། 2006ལོར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལེ་པ་ནོན་དང་དབྱི་སི་རལ་གྱི་གདོང་ཐུག་རྗེས་སུ་གྲོས་ཆོད་ཨང་1701ལ་གྲོས་འཆམ་བྱུང་ནས་ཕྱོགས་ཡོངས་ནས་དམག་འཁྲུག་མཚམས་འཇོག་རྒྱུའི་འབོད་སྐུལ་བྱས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པ་ནོན་དུ་སྡོད་པའི་དམག་དཔུང་གི་ལས་འགན་དབང་སྤྲོད་རྒྱ་སྐྱེད་དེ། དམག་ཤུགས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ལེ་པ་ནོན་ལྷོ་རྒྱུད་ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ཐག་གཅོད་བྱས། མིག་སྔར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པ་ནོན་དུ་སྡོད་པའི་དམག་དཔུང་ལ་བསྡོམས་པས་རྒྱལ་ཁབ48ཀྱི་དཔོན་དམག་ཁྲི་གཅིག་ལྷག་ཡོད་པ་རེད།

ཚེ་རིང་སྒྲོལ་མས་བསྒྱུར།