ཟླ8པའི་ཚེས29ཉིན། ཕྱི་འབྲེལ་པུའུ་ཡི་མཐའ་མཚམས་དང་རྒྱ་མཚོའི་ལས་དོན་སི་ཡི་སི་ཀྲང་ཧུང་ལེང་དང་། རྒྱ་གར་ཕྱི་འབྲེལ་པུའུ་ཡི་ཨེ་ཤེ་ཡ་ཤར་མའི་སི་ཡི་མཉམ་འབྲེལ་དྲུང་ཡིག་ཏའེ་གོ་ལན་གྱིས་པེ་ཅིང་དུ། ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ལས་དོན་གྲོས་མོལ་དང་མཐུན་སྦྱོར་ལས་དོན་ལམ་སྲོལ་གྱི་ཚོགས་འདུ་ཐེངས31པར་མཉམ་དུ་འགོ་འཛིན་བྱས་ནས་འཚོགས་པ་དང་། རྒྱལ་ཁབ་གཉིས་ཀའི་ཕྱི་འབྲེལ་དང་རྒྱལ་སྲུང་། གནས་སྤོར་ཡུལ་མི་སོགས་སྡེ་ཁག་གི་འཐུས་མི་ཚོགས་འདུར་ཞུགས། ཚོགས་འདུ་དེ་ཧུར་བརྩོན་དང་མཛའ་མཐུན། ལྷག་བསམ་ཟོལ་མེད་བཅས་ཀྱི་རྣམ་པའི་ཁྲོད་ནས་འཚོགས།
ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀའི་ཕྱི་འབྲེལ་པུའུ་ཀྲང་གིས་ཉེ་དུས་བཞག་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་ནས། མཐའ་མཚམས་ཀྱི་གནས་བབ་གང་མགྱོགས་ལེགས་ལམ་དུ་འཕེལ་བར་མཉམ་དུ་སྐུལ་འདེད་བཏང་། ཕྱོགས་གཉིས་ཀས་མཐའ་མཚམས་ས་ཁུལ་གྱི་འབྲེལ་ཡོད་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་ཏེ། མི་མཐུན་པའི་ཆ་སྔར་ལས་ཇེ་ཆུང་དུ་གཏོང་བ་དང་ཐུན་མོང་གི་ངོས་འཛིན་མངོན་སུམ་ཆེ་རུ་བཏང་ནས། ཕན་ཚུན་བར་སྐད་ཆ་བཤད་རེས་དང་གྲོས་མོལ་ལ་ཤུགས་སྣོན་པ་དང་། ཕན་ཚུན་བར་གྱི་ལུགས་མཐུན་གྱི་དོ་ཁུར་ལ་ལྟ་སྐྱོང་བྱས་ཏེ། ཕྱོགས་གཉིས་ཀས་དང་ལེན་བྱེད་ཐུབ་པའི་ཐག་གཅོད་ཇུས་གཞི་གང་མགྱོགས་འཇོག་ཐུབ་རྒྱུར་མོས་མཐུན་བྱས། ཕྱོགས་གཉིས་ཀས་གྲོས་མོལ་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། མཐའ་མཚམས་དང་འབྲེལ་བ་ཡོད་པའི་གྲོས་མཐུན་དང་ཡིད་ཆེས་བྱེད་ཐབས་ལ་བརྩི་སྲུང་ནན་མོ་ཞུས་ཏེ། མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་མུ་མཐུད་མཉམ་དུ་སྲུང་སྐྱོབ་བྱ་རྒྱུར་མོས་མཐུན་བྱུང་།
བན་དེ་སྐྱབས་ཀྱིས་བསྒྱུར།