དབྱི་སི་རལ་དང་ཧ་མ་སི་གཉིས་གནས་སྐབས་སུ་དམག་འཁྲུག་མཚམས་བཞག་ནས་བྱིས་པའི་རྒྱུངས་སྐྱིའི་གཉན་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་པར་འཐད་པ་བྱུང་།
2024.08.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཚེས29ཉིན་ཕ་ལེ་སི་ཐན་དུ་སྡོད་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མངའ་ཁོངས་བཅད་བཟུང་འཐུས་མི་ཕིས་ཕེའར་ཁི་ཨེན་གྱིས་བཤད་རྒྱུར། དབྱི་སི་རལ་དང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་གཉིས་ཅ་ཧྲ་ས་ཁུལ་དུ་གནས་སྐབས་དམག་འཁྲུག་མཚམས་འཇོག་རྒྱུར་འཐད་པ་བྱུང་སྟེ། བྱིས་པར་རྒྱུངས་སྐྱིའི་གཉན་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་པར་སྟབས་བདེ་བསྐྲུན་ཡོད་ཟེར།

ཉིག་ཡའོ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་། ཕིས་ཕེའར་ཁི་ཨེན་གྱིས་བརྙན་ལམ་ནས་སྨན་ཁབ་རྒྱག་པའི་བྱ་འགུལ་དེ་ཟླ9པའི་ཚེས1ཉིན་ནས་འགོ་བརྩམ་རྒྱུ་ཡིན་ཟེར། གྲོས་མཐུན་གཞིར་བཟུང་ན། ཐོག་མར་ཅ་ཧྲ་ས་ཁུལ་དབུས་རྒྱུད་དུ་དམག་འཁྲུག་ཉིན3ལ་རྒྱག་མཚམས་འཇོག་རྒྱུ་ཡིན་པ་དང་། ཅ་ཧྲ་ས་ཁུལ་ལྷོ་རྒྱུད་དུ་དམག་འཁྲུག་ཉིན3ལ་རྒྱག་མཚམས་འཇོག་རྒྱུ་ཡིན་ལ། མཇུག་མཐར་ཅ་ཧྲ་ས་ཁུལ་བྱང་རྒྱུད་དུ་དམག་འཁྲུག་ཉིན3ལ་རྒྱག་མཚམས་འཇོག་རྒྱུ་རེད། འབྲེལ་ཡོད་ཕྱོགས་ཀྱིས་ད་དུང་དགོས་མཁོ་བྱུང་ཚེ། ས་ཁུལ་རེ་རེའི་དམག་འཁྲུག་རྒྱག་མཚམས་འཇོག་པའི་དུས་ཚོད་དེ་ཉིན་གཅིག་གིས་ཕྱིར་བསྣུར་བྱ་ཆོག་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཉེ་ལམ་བསྟན་དོན། རྒྱུངས་སྐྱིའི་གཉན་ཚད་ཀྱི་ནད་དུག་དེ་ཅ་ཧྲ་ས་ཁུལ་དུ་མཆེད་བཞིན་ཡོད་པས། བྱིས་པ་རྣམས་ཉེན་ཁར་འཕྲད་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅ་ཧྲ་ས་ཁུལ་དུ་ལོ10མན་གྱི་བྱིས་པ་འབུམ་དྲུག་དང་ཁྲི་བཞི་ལྷག་ལ་རྒྱུངས་སྐྱིའི་གཉན་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་རྒྱུར་གྲ་སྒྲིག་བྱས་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱུངས་སྐྱིའི་གཉན་ཚད་ཀྱི་རིམས་འགོག་སྨན་ཁབ་ས་ཡ་གཅིག་དང་འབུམ་དྲུག་སྟེར་རྒྱུར་ཆོག་མཆན་སྤྲད་ཡོད་པ་རེད།

རྒྱུངས་སྐྱིའི་གཉན་ཚད་ལ་བྱིས་པའི་སྦྲིད་ནད་ཀྱང་ཟེར། དེ་ནི་རྒྱུངས་སྐྱིའི་ནད་དུག་གིས་བསླངས་བའི་མྱུར་བའི་རང་བཞིན་གྱི་འགོས་ནད་ཅིག་རེད། དེས་གཙོ་བོ་ལོ་ལྔའི་མན་གྱི་བྱིས་པར་ཤུགས་རྐྱེན་ཐེབས་བཞིན་ཡོད་ལ། ནད་ཀྱི་གནས་ཚུལ་ཚབས་ཆེན་ཡིན་ལུགས་ཀྱི་ལུས་ཡོངས་ཀྱི་ནུས་པ་ཤོར་བའམ་ཡང་ན་ཤི་འགྲོ་བ་རེད། ནད་དེ་ལ་བཅོས་ཐབས་གཞན་ཅི་ཡང་མེད་པས། རིམས་འགོག་སྨན་ཁབ་རྒྱག་རྒྱུ་ནི་ནད་དེ་སྔོན་འགོག་བྱེད་པའི་ཆེས་ཕན་ནུས་ལྡན་པའི་ཐབས་ཤེས་ཤིག་རེད།

ཚེ་རིང་སྒྲོལ་མས་བསྒྱུར།