མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སིའི་མགྲིན་ཚབ་པ་ཏིས་ཡ་ལིས་ཁི་ཡིས་ཚེས29ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཀུའུ་ཐི་ལེ་སི་ཡིས་ཅོར་ཏན་གཙང་པོའི་ནུབ་འགྲམ་གྱི་གནས་བབ་གསར་བའི་འཕེལ་རྒྱས་ལ་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཁོང་གིས་དབྱི་སི་རལ་གྱིས་ཅོར་ཏན་གཙང་པོའི་ནུབ་འགྲམ་གྱི་དམག་དོན་འགུལ་སྐྱོད་སྤེལ་མཚམས་མྱུར་དུ་འཇོག་དགོས་པའི་འབོད་སྐུལ་བཏང་ཟེར།
ཏིས་ཡ་ལི་ཁི་ཡིས་བཤད་རྒྱུར། ཚེས28ཉིན་དབྱི་སི་རལ་གྱིས་ཅོར་ཏན་གཙང་པོའི་ནུབ་འགྲམ་གྱི་ཅེ་ཉིན་དང་། ཐུའུ་ལི་ཁེའར་མུའུ། ཐུའུ་པ་སི་ནས་གཞི་ཁྱོན་ཆེན་པོའི་དམག་དོན་འགུལ་སྐྱོད་སྤེལ་ཏེ། མི་སྣར་ཤི་རྨས་དང་དམངས་སྤྱོད་རྨང་གཞིའི་སྒྲིག་ཆས་ལ་གཏོར་སྐྱོན་ཐེབས་པས། ཀུའུ་ཐི་ལེ་སི་ཡིས་དེ་ལ་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད། དམག་དོན་བྱ་སྤྱོད་ཀྱིས་བྱིས་པ་དང་བཅས་པའི་མི་སྣར་ཤི་རྨས་བཟོས་པར་རྒོལ་གཏམ་དྲག་པོ་བཏང་ཟེར། ཀུའུ་ཐི་ལེ་སི་ཡིས་གནས་ཚུལ་དེ་དག་གིས་ཅོར་ཏན་གཙང་པོའི་ནུབ་འགྲམ་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་བཏང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཕ་ལེ་སི་ཐན་གྱི་མི་རིགས་དབང་ཆའི་སྒྲིག་གཞི་སྔར་ལས་ཉམས་ཞན་དུ་བཏང་བས་དབྱི་སི་རལ་གྱིས་བྱ་སྤྱོད་དེ་དག་མྱུར་དུ་སྤེལ་མཚམས་འཇོག་དགོས་ཞེས་བསྟན།
གནས་ཚུལ་སྤེལ་བར་གཞིགས་ན། ཚེས28ཉིན་དབྱི་སི་རལ་གྱིས་ཅོར་ཏན་གཙང་པོའི་ནུབ་འགྲམ་དུ་དམག་དོན་འགུལ་སྐྱོད་སྤེལ་ཞིང་། མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་ཚེས29ཉིན་སྤེལ་བའི་གྲངས་ཀ་ལྟར་ན། ཅེ་ཉིན་དང་། ཐུའུ་ལེ་ཁེའར་མུའུ། ཐུའུ་པ་སི་བཅས་སུ་ཉེ་བའི་ཉིན་གཉིས་ཀྱི་རིང་ལ་ཤི་བའི་མི་གྲངས་བཅོ་ལྔར་སླེབས་པ་དང་། གཞན་མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་རེད།
ཚེ་རིང་སྒྲོལ་མས་བསྒྱུར།