ཝུའུ་ཁི་ལན་གྱི་དྲག་ཆས་སྟོབས་ཤུགས་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་སྤྱི་འབྲེལ་སྨྱན་སྦྱོར་བརྒྱུད་ནས་བདེན་དཔང་བྱས་དོན། ཝུའུ་ཁི་ལན་ཕྱོགས་ཀྱི་འཐབ་འཛིང་གནམ་གྲུF-16རྟགས་ཅན་གཅིག་སར་ལྷུང་ནས། གནམ་གྲུའི་ཁ་ལོ་པ་གཅིག་རྐྱེན་ལམ་དུ་ཤོར་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིF-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་འགའ་དང་ཝུའུ་ཁི་ལན་གྱི་མཁའ་སྲུང་འཕུར་མདའ་རུ་དཔུང་གིས་མཉམ་དུ་ཨུ་རུ་སིའི་འཕུར་མདའི་འཇབ་རྒོལ་མཐར་སྤྲོད་བཏང་། F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུས་བར་སྣང་ནས་ཨུ་རུ་སི་ཕྱོགས་ཀྱི་སྐོར་སྐྱོད་འཕུར་མདའ་བཞི་སར་འཕངས་པ་དང་། དེ་ནས་མུ་མཐུད་དུ་འཐབ་མགོ་རྩོམ་དུས། F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གཅིག་ལ་འབྲེལ་ཐག་ཆད། ཕྱིས་སུ་མཐོང་དུས་གནམ་གྲུ་དེ་སར་ལྷུང་ནས་ཁ་ལོ་པ་རྐྱེན་ལམ་དུ་ཤོར་འདུག་ཟེར།
ཉིན་དེའི་སྔ་དྲོར། ཨ་མེ་རི་ཁའི་གཞུང་ཕྱོགས་དཔོན་རིགས་ཤིག་གིས་སྨྱན་སྦྱོར་སྟེང་བཤད་རྒྱུར། ཝུའུ་ཁི་ལན་གྱི་F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་ཚེས་ཉེར་དྲུག་ཉིན་སར་ལྷུང་ལ། རྒྱུ་རྐྱེན་ནི་ཁ་ལོ་པས་ལག་ཚོད་མ་ཟིན་པ་རེད་ཟེར།
ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡིས་དམིགས་བསལ་རྟོག་ཞིབ་རུ་ཁག་ཅིག་བཙུགས་ནས་གནམ་གྲུ་དེ་སར་ལྷུང་དོན་སྐོར་ནས་ཡུལ་དངོས་སུ་ཞིབ་འཇུག་བྱས།
ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཟླ་འདིའི་ཚེས་བཞིའི་ཉིན་སྤྱི་འབྲེལ་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས། རྒྱལ་ཁབ་གཞན་གྱིས་རོགས་སྐྱོར་བྱས་ནས་བྱིན་པའིF-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཝུའུ་ཁི་ལན་དུ་བསྐྱལ་ཡོང་ནས་བཀོལ་སྤྱོད་བྱེད་བཞིན་ཡོད་ཅེས་བཤད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།