ཨུ་རུ་སིས་ཝུའུ་ཁི་ལན་གྱི་དམག་དཔུང་གིས་པེར་ཀི་ལའོ་ཏི་མངའ་སྡེའི་མི་ལྔ་བསད་ཟེར།
2024.08.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཨུ་རུ་སིའི་པེར་ཀི་ལའོ་ཏི་མངའ་སྡེའི་དཔོན་པོ་ཀི་ལ་ཏི་ཁི་ཧྥུའུ་ཡིས་ཚེས30ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གིས་ཉིན་དེར་པེར་ཀི་ལའོ་ཏི་མངའ་སྡེ་ལ་འཇབ་རྒོལ་བྱས་ཏེ། མི5བསད་པ་དང་མི37རྨས་ཟེར།

ཀི་ལ་ཏི་ཁི་ཧྥུའུ་ཡིས་སྤྱི་ཚོགས་སྨྱན་བྱད་སྟེང་གནས་ཚུལ་དེ་སྤེལ་བ་དང་། ཐེངས་འདིའི་འཇབ་རྒོལ་ལས་བུད་མེད་གཅིག་དང་བཅས་པའི་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི37ལ་རྨས་ཕོག་ཡོད་ལ། དེའི་ནང་བྱིས་པ་དྲུག་ཡོད་ཅེས་ཁྱབ་བསྒྲགས་བྱས།

ཨུ་རུ་སིའི་སྨྱན་བྱད་ཀྱིས་ཉིན་དེར་ཀི་ལ་ཏི་ཁི་ཧྥུའུ་ཡི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཝུའུ་ཁི་ལན་དམག་དཔུང་གིས་ཉིན་དེར་འཕུར་མདའ་མང་པོ་མཉམ་གཅིག་ཏུ་འཕེན་ཆོག་པའི་མེ་ཤུགས་འཕུར་མདའ་སྤྱད་དེ་འབར་མདེལ་མང་པོས་པེར་ཀི་ལའོ་ཏི་མངའ་སྡེར་འཇབ་རྒོལ་བྱས་པ་རེད། པེར་ཀི་ལོ་ཏི་གྲོང་ཁྱེར་དུ་ཁང་བརྩེགས་མཐོན་པོ་གཉིས་ལ་འབར་མདེལ་ཕོག་པ་དང་། རླངས་འཁོར་དགུ་ལ་མདེའུ་ཕོག་ཡོད་པ་རེད།

ཝུའུ་ཁི་ལན་ཕྱོགས་ཀྱིས་ད་རུང་ཨུ་རུ་སི་ཕྱོགས་ཀྱི་བཤད་ཚུལ་ལ་ལན་བཏབ་མེད།

ཝུའུ་ཁི་ལན་དམག་དཔུང་གིས་ཟླ་འདིའི་ཚེས་དྲུག་ཉིན་ནས་བཟུང་ཨུ་རུ་སིའི་ཁུའུ་ཨར་སི་ཁི་མངའ་སྡེ་ལ་འཇབ་རྒོལ་བྱས་པ་དང་། ཨུ་རུ་སིའི་རྒྱལ་ཁབ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཨུ་ཡོན་ལྷན་ཁང་གིས་ཚེས་དགུ་ཉིན་ཁྱབ་སྒྲོག་བྱས་ཏེ། ཁུའུ་འར་སི་ཁི་མངའ་སྡེ་དང་། པེ་ཨར་ཀི་ལའོ་ཏི་མངའ་སྡེ། པུའུ་ལང་སི་ཁི་མངའ་སྡེ་བཅས་སུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ལམ་ལུགས་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས། པའེ་ཨར་ཀི་ལའོ་ཏི་མངའ་སྡེ་ཡིས་ཚེས་བཅོ་ལྔ་ཉིན་མཉམ་འབྲེལ་རིམ་པའི་ཛ་དྲག་གི་རྣམ་པར་ཞུགས་པ་ཁྱབ་བསྒྲགས་བྱས།

ཚེ་རིང་སྒྲོལ་མས་བསྒྱུར།