ཚེས30ཉིན་ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཚེས28ཉིན་ནས་བཟུང་དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་པོའི་ནུབ་འགྲམ་བྱང་རྒྱུད་དུ་དམག་དོན་འགུལ་སྐྱོད་སྤེལ་ནས་ཕ་ལེ་སི་ཐན་གྱི་མི20བསད་ཟེར།
གསལ་བསྒྲགས་ལས་བཤད་རྒྱུར། ཚེས30ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་ཆུ་བོའི་ནུབ་འགྲམ་གྱི་བྱང་རྒྱུད་ཅེ་ཉིང་དུ་རྒན་པོ་ཞིག་བསད་པ་རེད། དེ་ནས་དབྱི་སི་རལ་དམག་དཔུང་གིས་བསྟུད་མར་ཉིན་འགའི་རིང་ལ་ས་ཁུལ་དེའི་ཅེ་ཉིང་དང་། ཐུའུ་པ་སི། ཐུའུ་ལི་ཁེ་ཨར་མུའུ་སོགས་སུ་དམག་དོན་འགུལ་སྐྱོད་སྤེལ་ཏེ་ཤི་བའི་མི་གྲངས20ལ་སླེབས་ཟེར།
ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིས་ཚེས30ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཅོར་ཏན་གཙང་པོའི་ནུབ་འགྲམ་བྱང་རྒྱུད་ཀྱི་དམག་དོན་འགུལ་སྐྱོད་དེ་མིག་སྔར་ཅེ་ཉིང་དུ་གཅིག་བསྡུས་བྱས་ཡོད། ཧ་མ་སིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་གིས་ཉིན་དེར་ཕྱོགས་མང་པོ་ནས་ཅེ་ཉིན་དུ་འཛུལ་བའི་དབྱི་སི་རལ་གྱི་དམག་དཔུང་དང་གདོང་ཐུག་དྲག་པོ་བྱུང་ཡོད་ཟེར།
ཚེས30ཉིན་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་དམག་གིས་ཅོར་ཏན་གཙང་པོའི་ནུབ་འགྲམ་གྱི་བྱང་རྒྱུད་དུ་ཧ་མ་སི་དང་ཕ་ལེ་སི་ཐན་གྱི་དབྱི་སི་ལན་གྱི་འཐབ་མཆོག་རྩ་འཛུགས་ཅེ་ཧ་ཏིའི་ཁོངས་མིར་རྡུང་རྡེག་བཏང་བ་དང་། མིག་སྔར་འཐབ་འཁྲུག་དང་བར་སྣང་འཇབ་རྒོལ་ཁྲོད་དྲག་ཆས་མི་སྣ20བསད་པ་མ་ཟད། འཇིགས་སྐུལ་བྱ་སྤྱོད་དང་འབྲེལ་བའི་དོགས་ཡོད་ཉེས་ཅན17འཛིན་བཟུང་བྱས་ཟེར།
ཐེངས་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གདོང་ཐུག་བྱུང་བ་ནས་བཟུང་། དབྱི་སི་རལ་གྱིས་ཕྱོགས་གཅིག་ནས་ཅ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལ་སྐུལ་འདེད་བཏང་བ་དང་། ཕྱོགས་གཞན་ཞིག་ནས་ཅོར་ཏན་གཙང་པོའི་ནུབ་འགྲམ་དུ་ཐེངས་མང་པོར་གློ་བུར་དུ་འཇབ་རྒོལ་བྱས་ནས་ཕ་ལེ་སི་ཐན་གྱི་མི་འཛིན་ཟུང་བྱས་ལ། ཡུལ་གྱར་བའི་སྒར་སའི་ཁྲོད་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་སྐུང་ཡོད་ས་ཟེར་བ་འགས་གཏོར་བཏང་། ཡུག་ཐའེ་པ་གཏན་སྡོད་བྱེད་མཁན་གྱིས་གྲུབ་པའི་དམངས་ཀྱི་ཚོགས་པ་ཁག་ཅིག་གིས་ཕ་ལེ་སི་ཐན་གྱི་སྡོད་དམངས་དཀྱུས་མར་ཐེངས་མང་པོར་འཇབ་རྒོལ་བྱས། ཕ་ལེ་སི་ཐན་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཁྱབ་སྒྲོག་བྱས་པའི་གྲངས་ཀ་ལྟར་ན། ཐེངས་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གདོང་ཐུག་བྱུང་བ་ནས་བཟུང་། ཅོར་ཏན་གཙང་པོའི་ནུབ་འགྲམ་དུ་ཕ་ལེ་སི་ཐན་པ650ལྷག་ཙམ་དབྱི་སི་རལ་གྱི་དམག་དཔུང་ངམ་ཡུག་ཐའེ་པ་གཏན་སྡོད་བྱེད་མཁན་གྱི་ལག་ནས་ཤི་ཟེར།
ཚེ་རིང་སྒྲོལ་མས་བསྒྱུར།