ཝུའུ་ཁི་ལན་ཧ་ཨར་ཁི་ཧྥུའུ་མངའ་སྡེ་ཡི་དམག་དོན་སྲིད་འཛིན་དཔོན་ཞིས་ཉེ་ཀུའུ་པའོ་ཧྥུའུ་ཡིས་ཟླ8པའི་ཚེས31ཉིན་གྱི་ཐོ་རེངས་ཀྱི་ཆར་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་ཡིག་ཆ་སྤེལ་ནས་བཤད་རྒྱུར། ཚེས30ཉིན། ཨུ་རུ་སུའི་དམག་དཔུང་གིས་ཧའར་ཁི་ཧྥུའུ་གྲོང་ཁྱེར་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི6བསད་པ་དང་མི59ལ་རྨས་པའི་ཁྲོད་དུ། མི20ལྷག་ལ་རྨས་ཚབས་ཆེན་ཕོག་ཡོད་ཟེར།
ཞིས་ཉེ་ཀུའུ་པའོ་ཧྥུའུ་ཡིས་ཚེས30ཉིན་པེ་ཨར་ཀི་ལའོ་ཏི་མངའ་སྡེ་རུ་གནས་པའི་ཨུ་རུ་སུའི་དམག་དཔུང་གིས་འཕུར་ཤུད་འབར་མདེལ་སྤྱད་དེ། ཧ་ཨར་ཁི་ཧྥུའུ་གྲོང་ཁྱེར་ལ་བར་སྣང་འཇབ་རྒོལ་ཐེངས་ལྔ་བྱས་ནས། གྲོང་ཁྱེར་དེའི་ཐོག་སོ12ཡོད་པའི་ཐོག་བརྩེགས་ཆེན་པོ་ཞིག་དང་མཛོད་ཁང་སོགས་ཀྱི་འཛུགས་སྐྲུན་ལ་གཏོར་སྐྱོན་བཟོས་ཡོད་ཟེར། ཚེས31ཉིན་གྱི་ཐོ་རེངས་བར་དུ། ཐེངས་འདིའི་འཇབ་རྒོལ་ཁྲོད་ཉུང་མཐར་ཡང་མི6རྐྱེན་ལམ་དུ་ཤོར་བ་དང་མི59ལ་རྨས་ཕོག་ཡོད།
ཉིན་དེར་ཨུ་རུ་སུའི་དྲག་ཆས་སྟོབས་ཤུགས་དམག་དོན་དང་ཆབ་སྲིད་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཨ་ལའོ་ཅིས་ནའོ་ཧྥུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ཏེ། ཨུ་རུ་སུའི་དམག་དཔུང་གིས་ཁུའུ་ཨར་སི་ཁི་ཕྱོགས་སུ་ཝུའུ་ཁི་ལན་གྱི་དམག་དཔུང་གི་སྒར་ས་ཞིག་ལ་གཏོར་སྐྱོན་ཚབས་ཆེན་བཟོས་ཡོད་ཅིང་། ཝུའུ་ཁི་ལན་དམག་དཔུང་གིས་ཨུ་རུ་སུའི་དམག་དཔུང་བཅའ་སྡོད་ས་ཁུལ་དུ་དམག་དོན་གྱི་སྦྱོར་བ་སྤེལ་རྩིས་ཡོད་་ནའང་། དེ་བསྟུན་གྱི་གྱོང་གུད་ཚབས་ཆེན་བཟོས་ཡོད་ལ། ཁྲབ་ལྡན་རླངས་འཁོར་ཚུད་པའི་ཝུའུ་ཁི་ལན་གྱི་དམག་དཔུང་གི་སྒྲིག་ཆས་ཁག་གཅིག་ལ་གཏོར་སྐྱོན་ཆེན་པོ་བཏང་ཡོད་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།