མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱི་མགྲིན་ཚབ་པ་ཡན་སི· ལའེ་ཁིས་ཚེས30ཉིན་རི་ནེ་ཝར་འཚོགས་པའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་དབྱང་གི་འཕྲལ་བསྟུན་ཐེབས་རྩའི་ནང་ནས་ཨ་སྒོར་དུང་ཕྱུར1བཏང་སྟེ་ཨ་ཧྥེ་རི་ཁ་དང་། མེ་གླིང་། ཨེ་ཤེ་ཡ་སོགས་ས་ཁུལ་གྱི་རྒྱལ་ཁབ་བཅུ་ཡི་མི་ཆོས་རིང་ལུགས་ཀྱི་ཛ་དྲག་གནས་ཚུལ་གྱི་རོགས་སྐྱོར་མ་དངུལ་མི་འདང་བའི་གནད་དོན་ཐག་གཅོད་བྱེད་པར་སྤྱོད་རྒྱུ་ཁྱབ་སྒྲོག་བྱས།
ལའེ་ཁི་ཡིས་བཤད་རྒྱུར། འཕྲལ་བསྟུན་མ་དངུལ་གྱི་གསུམ་ཆའི་གཅིག་ཡན་ཡེ་མོན་དང་ཨེ་ཙེ་ཨོ་ཕི་ཡར་རོགས་སྐྱོར་བྱེད་པའི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་དེ་གཉིས་ཀྱི་མི་དམངས་བཀྲེས་ལྟོགས་དང་། ནད་རིགས། གནམ་གཤིས་བཅས་ཀྱི་གནོད་འཚེ་སོགས་དཀའ་ངལ་ལས་རྒྱལ་བར་རོགས་རམ་བྱེད་པའི་ཐད་སྤྱོད་རྒྱུ་ཡིན། འཕྲལ་བསྟུན་མ་དངུལ་གཞན་དག་འབར་མ་དང་། མ་ལི། པུའུ་ཅི་ན་ཧྥ་སུའོ། ཧའེ་ཏི། ཁ་མེ་ལུང་། མོ་སང་པིས་ཁེ། པུ་རུན་ཏི། མ་ལ་ཝེ་སོགས་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་པའི་ཐད་སྤྱོད་རྒྱུ་ཡིན་ཞིང་། རྒྱལ་ཁབ་དེ་དག་གི་ནང་ནས་ཁ་ཤས་ལ་ལོ་མང་རིང་གདོང་ཐུག་གི་འགལ་རྐྱེན་ཕོག་པ་དང་། ཁ་ཤས་ཨེར་ཉི་ནོའི་སྣང་ཚུལ་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཐན་པ་དང་ཆུ་ལོག་སོགས་ཀྱི་གནོད་འཚེ་ཕོག་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་འཁུར་བའི་ལས་རོགས་དྲུང་ཡིག་ཆེན་མོ་ཞོར་དུ་ཛ་དྲག་གནོད་སེལ་གྱི་མཐུན་སྦྱོར་པ་གཞོན་པའི་འགན་འཁུར་བའི་ཆའོ་དབྱི་སི﹒མུའུ་སུའུ་ཡ་ཡིས་བཤད་རྒྱུར། ཀྲུང་དབྱང་གི་འཕྲལ་བསྟུན་ཐེབས་རྩ་ནི་གནས་ཚུལ་ངན་པ་མི་འབྱུང་བར་བྱེད་པའི་མཐའ་མའི་བྱེད་ཐབས་ཤིག་ཡིན་ལ། ང་ཚོར་རོགས་སྐྱོར་བྱེད་མཁན་གྱིས་རོགས་སྐྱོར་མ་དངུལ་མི་འདང་བའི་ཉམས་ཉེན་དེར་སྔར་ལས་མང་བ་དང་རྒྱུན་མཐུད་སྒོས་དོ་སྣང་བྱེད་པའི་དགོས་མཁོ་ཆེ།
ཀྲུང་དབྱང་གི་འཕྲལ་བསྟུན་ཐེབས་རྩ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཚབ་བྱས་ནས་དོ་དམ་བྱེད་པ་དང་། ལོ་རེར་མ་དངུལ་ཐེངས་གཉིས་རེ་བཏང་ནས་མ་དངུལ་མི་འདང་བའི་རྒྱལ་ཁབ་ཀྱིས་མི་ཆོས་རིང་ལུགས་ཀྱི་ཛ་དྲག་གནས་ཚུལ་ལ་ཁ་གཏད་འཇལ་བར་སྤྱོད་རྒྱུ་ཡིན་ཞིང་། ད་ལོའི་ཟླ2པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་ཨ་སྒོར་དུང་ཕྱུར་གཅིག་བཏང་ནས་ཀྲ་ཏི་དང་། ཁོང་ཀོ། ལེ་པ་ནོན་སོགས་རྒྱལ་ཁབ་ལ་རོགས་སྐྱོར་བྱས་པ་དང་། ད་ལོར་བཏང་བའི་ཨ་སྒོར་དུང་ཕྱུར་གཉིས་ཀྱི་བསྡོམས་འབོར་དེ་འདས་ཟིན་པའི་ལོ་གསུམ་རིང་གི་ཆེས་དམའ་ཤོས་ཡིན་པ་རེད།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།