ཝུའུ་ཁི་ལན་མཁའ་དམག་གིས་ཨུ་རུ་སིས་ཝུའུ་ཁི་ལན་གྱི་མངའ་སྡེ་མང་པོར་བར་སྣང་ནས་འཇབ་རྒོལ་བྱས་པར་བཤད་པ་དང་། ཨུ་རུ་སིའི་དམག་དཔུང་གིས་ཉིན་གཅིག་གི་ནང་ཝུའུ་ཁི་ལན་གྱི་འཕྲལ་རྒོལ་རུ་ཁག་གིས་ཐེངས་དྲུག་ལ་ཚུར་རྒོལ་བྱས་པ་ཕམ་པར་བཏང་ཟེར།
2024.09.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཝུའུ་ཁི་ལན་མཁའ་དམག་གིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་སྤྱི་ཚོགས་སྨྱན་བྱད་སྟེང་ཡི་གེ་སྤེལ་ནས་བཤད་པ་ལྟར་ན། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེའི་ཐོ་རེངས་སྐབས་སུ་ཝུའུ་ཁི་ལན་གྱི་མངའ་སྡེ་མང་པོར་ཡང་བསྐྱར་བར་སྣང་ནས་འཇབ་རྒོལ་བྱས་ཤིང་། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་སྤེལ་བའི་གནས་ཚུལ་ནང་། འདས་ཟིན་པའི་དུས་ཚོད་ཉེར་བཞིའི་རིང་ལ། ཨུ་རུ་སིའི་དམག་དཔུང་གིས་ཁུའུ་ཨར་སི་ཁི་ས་ཁུལ་དུ་ཝུའུ་ཁི་ལན་དམག་དཔུང་འཕྲལ་རྒོལ་རུ་ཁག་གིས་ཚུར་རྒོལ་ཐེངས་དྲུག་བྱས་པ་ཕམ་པར་བཟོས་ཟེར།

ཝུའུ་ཁི་ལན་མཁའ་དམག་གིས་སྤྱི་ཚོགས་སྨྱན་བྱད་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ8ཚེས31ཉིན་གྱི་ཐོ་རེངས་སྐབས་སུ། ཨུ་རུ་སུའི་དམག་དཔུང་གིས་ཝོ་ལོ་ཉེ་རི་མངའ་སྡེ་ནས“དབྱི་སི་ཁན་ཏིའར—M”རྟགས་ཅན་གྱི་འཕུར་མདའ་ཞིག་འཕེན་གཏོང་བྱས་ཏེ། ཏོན་ཉེ་ཚི་ཁི་ས་ཁུལ་ནསS—300ཅན་གྱི་མཁའ་ཟོན་འཕུར་མདའ་བཞི་འཕངས་ཏེ། ཁུའུ་ཨར་སི་ཁི་མངའ་སྡེ་ནས་ཕར་རྒོལ་རྣམ་པའི་མི་མེད་གནམ་གྲུ52འཕེན་གཏོང་བྱས་པ་དང་། དེའི་ནང་ཅི་ཧྥུའུ་མངའ་སྡེ་དང་། པོའར་ཐ་ཝ་མངའ་སྡེ། ཆེ་ཨར་ཉི་ཀི་ཧྥུའུ་མངའ་སྡེ། སུའུ་མེ་མངའ་སྡེ་བཅས་ཚུད་པའི་ཝུའུ་ཁི་ལན་གྱི་མངའ་སྡེ་བརྒྱད་ནས་མཁའ་ཟོན་ལས་དོན་སྤེལ་ཟེར།

ཝུའུ་ཁི་ལན་མཁའ་དམག་གིས་བཤད་པ་ལྟར་ན། མཁའ་དམག་དང་། མཁའ་ཟོན་འཕུར་མདའི་དམག་དཔུང་། གློག་རྡུལ་དམག་འཐབ་རུ་དཔུང་སོགས་ཀྱི་མཉམ་ལས་འོག ཝུའུ་ཁི་ལན་གྱིས་ཨུ་རུ་སུ་ཕྱོགས་ཀྱི་མི་མེད་གནམ་གྲུ་ཁྱོན་བསྡོམས24བཀག་ཡོད་པ་དང་། ཝུའུ་ཁི་ལན་མཁའ་དམག་གིས་བཀག་འགོག་བྱས་པའི་འཕུར་མདའི་གནས་ཚུལ་ཁྱབ་བསྒྲགས་བྱས་མེད་ལ། ཝུའུ་ཁི་ལན་གྱིས་ཀྱང་ཐེངས་འདིའི་འཇབ་རྒོལ་ལས་བྱུང་བའི་གནོད་སྐྱོན་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས་མེད་ཟེར།

ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་ཉིན་དེའི་སྐྱ་རེངས་ཀྱི་དུས་སུ་མཁའ་ཟོན་ཉེན་བརྡ་ཐེངས་མང་པོར་གྲགས་པ་དང་། ཅི་ཧྥུའུ་གྲོང་ཁྱེར་དམག་དོན་དོ་དམ་ཅུའུ་ཡིས་ཉིན་དེར་སྤྱི་ཚོགས་སྨྱན་བྱད་སྟེང་ཡིག་ཆ་སྤེལ་ཏེ། ཅི་ཧྥུའུ་ནི་ཐེངས་འདིའི་འཇབ་རྒོལ་གྱི་དམིགས་འབེན་གཙོ་བོའི་གྲས་ཤིག་ཡིན་ཟེར།

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཟླ8ཚེས31ཉིན་ཁྱབ་བསྒྲགས་བྱས་པའི་གསལ་ཚུལ་ལྟར་ན། འདས་ཟིན་པའི་དུས་ཚོད24ཡི་རིང་། ཨུ་རུ་སུའི་དམག་དཔུང་གིས་ཁུའུ་ཨར་སི་ཁིའི་ས་ཁུལ་དུ་ཝུའུ་ཁི་ལན་འཕྲལ་རྒོལ་རུ་ཁག་གིས་ཕར་རྒོལ་ཐེངས་དྲུག་བྱས་པ་ཕམ་པར་བཏང་བ་དང་། འདས་པའི་ཉིན་གཅིག་གི་རིང་ལ། ཝུའུ་ཁི་ལན་དམག་དཔུང་ལ་དམག་དོན་མི་སྣ400ལྷག་དང་སྒྲིག་ཆས18ལ་གྱོང་གུན་ཕོག་པ་དང་། དེའི་ནང་ཐན་ཁི་གཅིག་དང་། ཁྲབ་ལྡན་དམག་སྐྱེལ་རླངས་འཁོར་གསུམ། ཁྲབ་ལྡན་འཐབ་འཁྲུག་རླངས་འཁོར་བཅུ་བཞི་བཅས་འདུས་ཡོད་ཟེར། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུ་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་ཁུའུ་ཨར་སི་ཁིའི་ཕྱོགས་ཀྱི་དམག་འཐབ་ནང་ཝུའུ་ཁི་ལན་ཕྱོགས་ལ་ཁྱོན་བསྡོམས་དམག་དོན་མི་སྣ8200ལྷག་ཙམ་དང་ཐན་ཁི76གི་གྱོང་གུན་ཕོག་ཡོད་ཟེར།

ཟླ8པའི་ཚེས31ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལུའོ་ཧྥུའུ་ཡིས་ཨུ་རུ་སུའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཉེ་སྔོན་བཤད་པ་ལྟ་རན། ཨུ་རུ་སུའི་ས་ཆ་བླངས་ནས་རྗེས་སུ་ཨུ་རུ་སུ་ཕྱོགས་དང་གྲོས་མོལ་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད་པ་དང་། ལ་ཧྥུའུ་ལུའོ་ཧྥུའུ་ཡིས་དེའི་ཐད་ཨུ་རུ་སུ་ཡིས་མི་སུ་ཡིན་རུང་དང་མངའ་ཁོངས་བརྗེ་རེས་ཀྱི་གནད་དོན་ལ་གྲོས་བསྡུར་བྱེད་མི་སྲིད་ཅེས་བསྟན།

ཚེ་རིང་སྒྲོལ་མས་བསྒྱུར།