ནུའུ་ཁོ་ཨ་ལོ་ཧྥ་ནས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཡུན་ཉིན5ཡི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་སྐབས53པའི་འགོ་ཁྲིད་པའི་ཚོགས་འདུ་ཟླ8པའི་ཚེས30ཉིན་ཐང་ཅའི་རྒྱལ་ས་ནུའུ་ཁུའུ་ཨ་ལོ་ཧྥ་རུ་གྲོལ་བ་དང་། གནམ་གཤིས་འགྱུར་ལྡོག་དང་མ་དངུལ་བསྡུ་སྒྲིལ་ནི་དབུ་ཚོགས་ཀྱི་གྲོས་གཞི་གཙོ་བོ་ཡིན་ཞིང་། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་མཚོ་ངོས་ཇེ་མཐོར་འགྲོ་བ་དེ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་རིམ་ནང་འཇོག་རྒྱུའི་འབོད་སྐུལ་བཏང་།
གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཚོགས་འདུ་གྲོལ་རྗེས་ཡོངས་བསྒྲགས་བྱས་པའི་མཉམ་འབྲེལ་སྤྱི་བསྒྲགས་ནང་གནམ་གཤིས་འགྱུར་ལྡོག་དང་རྒྱུན་མཐུད་འཕེལ་རྒྱས་ནི་སྔར་བཞིན་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ས་ཁུལ་གྱི་དམིགས་བསལ་དོན་ཚན་ཞིག་ཡིན་པ་དང་། མཚོ་ངོས་ཇེ་མཐོར་འགྲོ་བའི་གནད་དོན་དེ་རང་ཚུགས་ཀྱི་གྲོས་རིམ་དུ་བརྩིས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་རིམ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་འཕེལ་རིམ་གཞན་དག་ནང་འཇོག་རྒྱུའི་འབོད་སྐུལ་དྲག་པོ་བཏང་།
ཚོགས་འདུར་ཞུགས་པའི་འགོ་ཁྲིད་པས་སྤྱི་བསྒྲགས་ནང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉེན་ཆའི་ཐེབས་རྩར་རྒྱབ་སྐྱོར་དང་ཁས་ལེན་བྱེད་རྒྱུ་བསྐྱར་བསྒྲགས་བྱས་པ་དང་། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱིས་གཙོ་ཁྲིད་དང་། མི་གཙོ་བོར་འཛིན་པའི་གནམ་གཤིས་དང་གནོད་འགོག་མ་དངུལ་བསྡུ་སྒྲིལ་གྱི་ལམ་སྲོལ་ཐོག་མ་ཁས་ལེན་བྱས། སྤྱི་བསྒྲགས་ལས་བཤད་རྒྱུར། ཚོགས་འདུར་ཞུགས་པའི་འགོ་ཁྲིད་པས་ཐེབས་རྩའི་སྤྱི་ཁྱབ་པུའུ་ཐང་ཅ་རུ་འཛུགས་རྒྱུར་འཐད་པ་བྱུང་བ་དང་2026ལོར་སླེབས་སྐབས་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར5བསྡུ་སྒྲིལ་བྱ་རྒྱུའི་འཆར་གཞི་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེན་མོ་ཀུའུ་ཐི་ལེ་སི་ཚོགས་འདུར་ཞུགས་སྐབས《ཞི་བདེ་རྒྱ་མཚོ་ཆེན་མོའི2050ལོའི་འཐབ་ཇུས》ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་ཅིང་། ཀུའུ་ཐི་ལེ་སི་ཡིས་ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་ཐོན་ཁུངས་སྐུལ་སློང་བྱས་ཏེ། ཞི་བདེ་རྒྱ་མཚོ་ཆེན་མོའི་མཉེན་ཆའི་ཐེབས་རྩར་རྒྱབ་སྐྱོར་བྱས་ནས་རྒྱ་མཚོའི་ངོས་མཐོ་རུ་འགྲོ་རྒྱུར་ཁ་གཏད་གཅོག་རྒྱུ་ཡིན་པར་བསྟན་པ་དང་། ཁོང་གིས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་གནམ་གཤིས་འགུལ་སྐྱོད་ལ་ཤུགས་སྣོན་བརྒྱབ་ནས་འགྱུར་རྡོའི་འབར་རྫས་རིམ་བཞིན་དོར་ཏེ། གནམ་གཤིས་དང་འཚམ་པའི་མ་དངུལ་ཇེ་མང་དུ་བཏང་ནས་རྒྱ་མཚོ་སྐྱོབ་དགོས་པའི་སྐུལ་མ་བཏང་།
ཚོགས་འདུའི་སྐབས་སུ། ཚོགས་ཞུགས་འགོ་ཁྲིད་པས་ད་དུང་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས། དཔལ་འབྱོར་སླར་གསོ་དང་འགྲན་སློང་། འཕྲོད་བསྟེན་མ་ལག་གི་མཉེན་ཆ་སོགས་ཀྱི་གྲོས་གཞི་གལ་ཆེན་ལ་གྲོས་བསྡུར་བྱས།
ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་དེ1971ལོར་བཙུགས་པ་ཡིན་ལ། དེ་ནི་ས་ཁུལ་དེའི་ཆབ་སྲིད་གལ་ཆེན་དང་དཔལ་འབྱོར་རྩ་འཛུགས་ཤིག་ཡིན།
ཚེ་རིང་སྒྲོལ་མས་བསྒྱུར།