དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲའི་ས་ཁུལ་མང་པོ་འགས་གཏོར་བཏང་ནས་མི29རྐྱེན་ལམ་དུ་བཏང་།
2024.09.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་ཟླ8པའི་ཚེས31ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅ་ཧྲའི་ས་ཁུལ་མང་པོ་འགས་གཏོར་བཏང་ནས་མི29རྐྱེན་ལམ་དུ་བཏང་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཅ་ཧྲ་ས་ཁུལ་བྱང་རྒྱུད་དུ་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲའི་ལྷོ་རྒྱུད་ཀྱི་སཱ་པུའུ་ལཱ་སྡེ་ཁུལ་དང་ཤར་ལྷོའི་རྒྱུད་ཀྱི་ཙའེ་ཐུང་སྡེ་ཁུལ། དེ་བཞིན་ཅེ་པ་ལིས་ཡེའི་ཡུལ་གྱར་པའི་སྒར་ས་བཅས་འགས་གཏོར་བཏང་སྟེ། མི7རྐྱེན་ལམ་དུ་བཏང་བ་རེད། ཅ་ཧྲ་ས་ཁུལ་དབུས་རྒྱུད་དུ་དབྱི་སི་རལ་གྱིས་ནུའུ་སའེ་ལའེ་ཐི་ཡི་ཡུལ་གྱར་པའི་སྒར་སའི་ཁང་བ་མང་པོ་འགས་གཏོར་བཏང་སྟེ་མི17རྐྱེན་ལམ་དུ་བཏང་། ཅ་ཧྲ་ས་ཁུལ་ལྷོ་རྒྱུད་དུ་དབྱི་སི་རལ་གྱི་དམག་དཔུང་གིས་ཧན་ཡིའུ་ཉི་སིའི་ཁང་བ་ཞིག་འགས་གཏོར་བཏང་ནས་མི5རྐྱེན་ལམ་དུ་བརྫངས་པ་དང་མི15རྨས་ཟེར།

དབྱི་སི་རལ་རྒྱལ་སྲུང་དམག་གིས་ཟླ8པའི་ཚེས31ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་མཁར་དང་དེ་བཞིན་ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་དང་ལྷོ་རྒྱུད་དུ་མུ་མཐུད་འགུལ་སྐྱོད་སྤེལ་ནས་དྲག་ཆས་མི་སྣ་མང་པོ་བསད་པ་དང་། དབྱི་སི་རལ་དམག་དཔུང་ལ་འཇིགས་སྣང་བཟོ་བའི་རྨང་གཞིའི་སྒྲིག་ཆས་དང་དམག་དོན་བཟོ་བཀོད་མེད་པར་བཟོས་ཡོད་ཟེར།

ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཟླ8པའི་ཚེས29ཉིན་ཡོངས་བསྒྲགས་བྱས་པའི་གྲངས་ཀ་ལྟར་ན། ན་ནིང་ཟླ10པར་རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འཁྲུག་རྩོད་བྱུང་བ་ནས་བཟུང་། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་དེས་ཕ་ལེ་སི་ཐན་གྱི་མི་ཁྲི་བཞི་རྐྱེན་ལམ་བཏང་བ་དང་མི་ཁྲི་དགུ་དང་སྟོང་གསུམ་ཙམ་རྨས་ཟེར།

ཚེ་རིང་སྒྲོལ་མས་བསྒྱུར།