ཨ་མེ་རི་ཁའི་ཞ་བེ་དབྱི་མངའ་སྡེའི་ཝ་ཧུའུ་གླིང་ཕྲན་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་ནས་མི་དྲུག་ཤི་རྨས་བཟོས།
2024.09.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཨ་མེ་རི་ཁའི་ཉེན་རྟོག་ཕྱོགས་ཀྱིས་ཟླ9པའི་ཚེས1ཉིན་བཤད་རྒྱུར། ཞ་ཝེ་དབྱི་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཧོ་ནུའུ་ལུའུ་ལུའུ་ཡི་ཝ་ཧུའུ་གླིང་ཕྲན་དུ་ཟླ8པའི་ཚེས31ཉིན་གྱི་དགོང་མོར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་ནས་དོགས་ཡོད་ཉེས་ཅན་དང་བཅས་པའི་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག་ཟེར།

ཧོ་ནུའུ་ལུའུ་ལུའུ་ཉེན་རྟོག་ཅུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེན་རྟོག་ཕྱོགས་ལ་ཟླ8པའི་ཚེས31ཉིན་གྱི་ཆུ་ཚོད23དང་སྐར་མ15ཡས་མས་སུ་གནས་ཚུལ་འབྱོར་རྗེས་ཝ་ཧུའུ་གླིང་ཕྲན་ནུབ་རྒྱུད་ཀྱི་ཧོའེ་ཨིག་ནེད་ཀུའུ་ཡི་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སར་འབྱོར་བ་དང་། མེ་མདའ་རྒྱག་མཁན་གྱི་དོགས་ཡོད་ཉེས་ཅན་དང་བཅས་པའི་མི་གསུམ་རྐྱེན་ལམ་དུ་ཤོར་ཡོད་པ་དང་། གཞན་ཡང་མི་གསུམ་མྱུར་མོར་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱས། དུས་ཚོད་ཁ་ཤས་སོང་རྗེས་རྨས་སྐྱོན་ཕོག་མཁན་གཅིག་མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པར་ཚེ་ལས་འདས་ཟེར།

ཧོ་ནུའུ་ལུའུ་ལུའུ་ཉེན་རྟོག་ཅུའུ་ཡིས་མེ་མདའི་དོན་རྐྱེན་གྱི་འབྱུང་རྐྱེན་དང་ཞིབ་ཕྲའི་གནས་ཚུལ་བཤད་མེད། ས་གནས་དེ་གའི་སྨྱན་བྱད་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པོ་བཞི་བོའི་ནང་བུད་མེད་གསུམ་དང་སྐྱེས་པ་གཅིག་ཡོད་ཟེར།

ས་གནས་དེ་གའི་སྨྱན་བྱད་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཝ་ཧུའུ་གླིང་ཕྲན་ནུབ་རྒྱུད་ས་ཁུལ་དུ་ཉེ་བའི་དུས་སྐབས་སུ་བདེ་འཇགས་ཀྱི་གནས་ཚུལ་མི་བཟང་བ་དང་། མེ་མདས་རྒྱག་པ་དང་ལྐོག་གསོད་བྱེད་པ་སོགས་དྲག་སྤྱོད་ཀྱིས་སྡོད་དམངས་རྣམས་ཀྱི་སེམས་དཀྲུགས་ནས་འཇིགས་སྣང་ཆེན་པོ་སྐྱེས་བཞིན་ཡོད་ཟེར། ཞ་ཝེ་དབྱི་མངའ་སྡེ་དང་ཧོ་ནུའུ་ལུའུ་ལུའུ་ཡི་ས་གནས་སྲིད་གཞུང་གིས་ཟླ8པ་ནས་བཟུང་ས་ཁུལ་དེར་ཉེན་རྟོག་པ་ཇེ་མང་དུ་བཏང་ཡོད་ཟེར།

ཚེ་རིང་སྒྲོལ་མས་བསྒྱུར།