ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་དང་ཙུང་ལིའི་འགན་གཅིག་ལྕོགས་སུ་ཁུར་བའི་ཏི་པའེ་ཚོ་དཔོན་མུའུ་ཧན་མོ་ཏི་ཡིས་ཁྲིན་མེན་ཨར་དང་ཐུག་འཕྲད་བྱས།
2024.09.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ9བའི་ཚེས2ཉིན།  ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་དང་ཙུང་ལིའི་འགན་གཅིག་ལྕོགས་སུ་ཁུར་བའི་ཏི་པའེ་ཡི་ཚོ་དཔོན་མུའུ་ཧན་མོ་ཏི་ཡིས་ཏི་པའེ་ཀྲ་པི་ཕོ་བྲང་དུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན། ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲེན་མེན་ཨར་དང་ལ་ཐུག་འཕྲད་བྱས།

ཁྲིན་མེན་ཨར་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ཐུང་མུའུ་ཧན་མོ་ཏིའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག  ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་མགྱོགས་པོ་བྱུང་ནས། དུས་སྐབས་གསར་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་རབ་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ40འཁོར་བ་གོ་སྐབས་སུ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་ཧུར་ཐག་གིས་དོན་འཁྱོལ་བྱས་ཏེ། རྒྱལ་སྐྱོང་སྲིད་སྐྱོང་དང་དེང་རབས་ཅན་འཛུགས་སྐྲུན་གྱི་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྤུས་ཚད་མཐོ་བའི་སྒོ་ནས་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད། ཐེན་ཅིན་གྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཨ་རབ་དང་ལྷག་པར་དུ་ཏི་པའེ་དང་དཔལ་འབྱོར་ཚོང་དོན་མ་འཇོག་དང་རང་མོས་ཚོང་དོན་ཁུལ། གྲུ་ཁ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།

མུའུ་ཧན་མོ་ཏི་ཡིས་བཤད་རྒྱུར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཚོང་དོན། མ་དངུལ་གཏོང་བ།  སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་བརྗེ་རེས་མཉམ་ལས་ཀྱི་འཕེལ་ཕྱོགས་བཟང་པོར་བློ་ཡིད་ཚིམ་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ལྷག་པར་དུ་ཏི་པའེ་ཡིས་ཀྲུང་གོ་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་དང་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སྲིད་གཞུང་གི་གདན་ཞུས་ལྟར་ཁྲིན་མེན་ཨར་གྱིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ། ཟླ9བའི་ཚེས1ནས་ཚེས4ཉིན་བར་ཨ་ཧྥུའུ་ཧན་དུ་འཚམས་འདྲི་བྱས་པ་རེད།  དེའི་རིང་ད་དུང་ཨ་ཧྥུའུ་ཧན་གྱི་ ཙུང་ཐུང་གཞོན་པ་དང་ཙུང་ལིས་གཞོན་པའི་འགན་གཅིག་ལྕོགས་སུ་ཁུར་བའི་ཙུང་ཐུང་གཞུང་དོན་ཐིན་གྱི་ཀྲུའུ་རིན་མན་སུའུ་ཨར་དང་། ཙུང་ལིས་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཨ་པུའུ་ཏུའུ་ལ། དཔལ་འབྱོར་པུའུ་ཀྲང་མའར་དབྱི། ཏི་པའེ་གོ་ལའི་གྲུ་ཁའི་སྡེ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཨར་ཐན་བཅས་དང་ཐུག་འཕྲད་བྱས་པ་དང་། “ཀྲུང་གོར་མ་དངུལ་གཏོང་བའི”ཐེན་ཅིན་གྱི་ཆེད་དོན་འོས་སྦྱོར་ཚོགས་འདུར་ཞུགས་པ་རེད། 《ཀྲུང་གོའི་ཐེན་ཅིན་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཅེ་པེ་ཨ་ལི་རང་མོས་ཉོ་ཚོང་ཁུལ་གྱི་འཐབ་ཇུས་མཉམ་ལས་དྲན་ཐོ》དང《ཐེན་ཅིན་གྲུ་ཁ་སྡེ་ཚོགས་ཚད་ཡོད་ཀུང་སི་དང་ཏི་པའེ་གོ་ལ་གྲུ་ཁའི་སྡེ་ཚོགས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན》སོགས་མཉམ་ལས་གྲོས་མཐུན་མང་པོ་ཞིག་ལ་མིང་རྟགས་འགོད་པར་སྐུལ་འདེད་བཏང་།

གཡང་འབུམ་རྒྱལ་གྱིས་བསྒྱུར།