ཚེས5ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྨྱན་བྱད་སྟེང་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཚེས2ཉིན། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པུའུ་ཨར་དུ་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས“ཚིག་སྦྱོར་ནན་ཆེ་ཤོས”ལ་བརྟེན་ནས། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པུའུ་ཨར་དུ་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་རྣམ་པ་དང་མཚོན་ཚུལ་ཅི་རིགས་ཀྱི་འཇིགས་སྐུལ་རིང་ལུགས་ཚང་མ་ནི། ཨ་ཧྥུའུ་ཧན་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བཟོ་བཞིན་ཡོད་པ་བསྐྱར་སྒྲོག་བྱས་པ་དང་། ངེས་པར་དུ་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ལག་བསྟར་བྱེད་མཁན་དང་རྩ་འཛུགས་བྱེད་མཁན། རོགས་དངུལ་སྤྲོད་མཁན། རྒྱབ་སྐྱོར་བྱེད་མཁན་བཅས་ཀྱི་འགན་འཁྲིར་རྩད་གཅོད་ནན་མོ་བྱེད་རྒྱུ་དང་ཁྲིམས་ལ་སྦྱོར་དགོས་པ་ནན་བཤད་བྱས།
གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་འཇིགས་སྐུལ་རིང་ལུགས་ཀྱི་བསམ་སྦྱོར་ཅི་རིགས་ཉེས་གསོག་གི་སྦྱོར་དངོས་ཡིན་པས། རྒྱལ་ཁབ་ཚང་མས་ངེས་པར་དུ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་གཞན་དག་གཞིར་བཟུང་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ། འཇིགས་སྐུལ་རིང་ལུགས་ཀྱི་བསམ་སྦྱོར་ལ་རྡུང་རྡེག་ནན་མོ་གཏོང་དགོས་ཞེས་བསྐྱར་སྒྲོག་བྱས།
ཚེས2ཉིན་གྱི་ཕྱི་དྲོར། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པུའུ་ཨར་དུ་རང་ཤི་རྣམ་པའི་འབར་གས་འཇབ་རྒོལ་གྱི་དོན་རྐྱེན་ཞིག་བྱུང་ནས། འཇབ་རྒོལ་པ་ཕུད་པའི་མི6རྐྱེན་ལམ་དུ་ཤོར་བ་དང་མི13ལ་རྨས་སྐྱོན་ཕོག་ཡོད། ཐལ་མཐའི་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”ཀྱིས་འཇབ་རྒོལ་འདི་ལག་བསྟར་བྱས་པ་ཁྱབ་སྒྲོག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།