སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས5ཉིན། ཝུའུ་ཁི་ལན་གྱི་ཆེས་མཐོའི་གྲོས་ཚོགས་སྟེང་འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད། ཨན་ཏི་ལའེ·ཞིས་པིས་ཅཱ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གསར་པར་བསྐོ་འཇོག་བྱས།
ཝུའུ་ཁི་ལན་རྒྱལ་ཁབ་གསར་འགྱུར་ཁང་གིས་ཚེས5ཉིན་ཝུའུ་ཁི་ལན་གྱི་གྲོས་མི་ཡཱ་ལའོ་ཟི་ལ་ཧྥུའུ·རི་ལའེ་ཚི་ཉིས་ཡ་ཁ་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་ཁྱབ་སྒྲོག་བྱས་པའི་གནས་ཚུལ་དྲངས་ནས་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཆེས་མཐོའི་གྲོས་ཚོགས་ཀྱི་འདེམས་ཤོག་འཕངས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། ཞིས་པིས་ཅཱ་ལ་མོས་མཐུན་ཡོད་པའི་འདེམས་ཤོག258ཐོབ་པ་དེ་འདང་ངེས་ཀྱི་འདེམས་ཤོག་གི་གྲངས་ཀ་ལས་མངོན་པར་འཕགས་ཡོད་ཟེར།
ཞིས་པིས་ཅཱ་ལོ49ཡིན་པ་དང་། དེ་སྔ་ཐུར་ཁེ་རུ་སྡོད་པའི་གཞུང་ཚབ་ཆེན་མོ་དང་ཝུའུ་ཁི་ལན་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས་མྱོང་ལ། ད་ལོའི་ཟླ4པར་ཝུའུ་ཁི་ལན་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་བཞེས་པ་རེད།
ཚེས5ཉིན་གྱི་སྔ་དྲོའི་ཆར། རི་ལའེ་ཚི་ཉིས་ཡ་ཁ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཆེས་མཐོའི་གྲོས་ཚོགས་ཀྱིས་ཉིན་དེར་འདེམས་ཤོག་འཕངས་ནས། ཞིས་པིས་ཅཱ་པུའུ་ཀྲང་ལ་མ་འདེམས་པའི་སྔོན་གྱི། པུའུ་ཀྲང་ཟུར་པ་ཏི་སྨི་ཐི་ལིས·ཁུའུ་ལེ་པ་ཡི་ལས་གནས་ལས་འབུད་རྒྱུའི་སྐོར་གྱི་དགོངས་ཞུའི་སྙན་ཞུར་ཆོག་མཆན་སྤྲད་ཡོད་པ་དང་། ཝུའུ་ཁི་ལན་གྱི་ཙུང་ལི་གཞོན་པ་དབྱི་ལིན་ནཱ·ཝེ་ལེ་ཤིའུ་ཁི་ཡི་ལས་གནས་ལས་འབུད་རྒྱུའི་སྐོར་གྱི་དགོངས་ཞུའི་སྙན་ཞུར་ཡང་དུས་གཅིག་ཏུ་ཆོག་མཆན་སྤྲད་ཡོད་ཟེར།
སྤེལ་བའི་གནས་ཚུལ་ལྟར་ན། ཚེས4ཉིན། ཝུའུ་ཁི་ལན་གྱི་ཆེས་མཐོའི་གྲོས་ཚོགས་ཀྱིས་ད་དུང་འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད། ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ཚུད་པའི་ཝུའུ་ཁི་ལན་གྱི་ནང་བློན་ཁོངས་མི་གཞན་བཞིའི་གོ་གནས་མེད་པར་བཟོ་རྒྱུར་ཆོག་མཆན་སྤྲད་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།