ཀྲུང་གོ་ཕྱོགས་ཀྱིས《ཉིང་རྡུལ་མཚོན་ཆ་མི་མཆེད་པའི་ཆིངས་ཡིག》རྨང་གཞིར་བྱས་པའི་རྒྱལ་སྤྱིའི་ཉིང་རྡུལ་མཚོན་ཆ་ཉུང་འཕྲི་དང་ཉིང་རྡུལ་མཚོན་ཆ་མི་མཆེད་པའི་མ་ལག་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.09.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

 མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པའི་གཞུང་ཚབ་ཆེན་མོ་རིན་ཧུང་ཡན་གྱིས་ཚེས་བཞི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱིས་ཉིང་རྡུལ་མཚོན་ཆ་ཚོད་ལྟ་གཏན་འགོག་བྱེད་པའི་རྒྱལ་སྤྱིའི་ཉིན་མོར་དྲན་གསོ་བྱེད་པའི་མཐོ་རིམ་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ།   རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔྱོད་ཤེས་དངོས་གཉེར་གྱི་རྣམ་འགྱུར་བཟུང་ནས་ཉིང་རྡུལ་མཚོན་ཆ་ཉུང་འཕྲི་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། 《ཉིང་རྡུལ་མཚོན་ཆ་མི་མཆེད་པའི་ཆིངས་ཡིག》རྨང་གཞིར་བྱས་པའི་རྒྱལ་སྤྱིའི་ཉིང་རྡུལ་མཚོན་ཆ་ཉུང་འཕྲི་དང་ཉིང་རྡུལ་མཚོན་ཆ་མི་མཆེད་པའི་མ་ལག་སྲུང་སྐྱོང་བྱས་ཏེ། ཐུན་མོང་གི་བདེ་འཇགས་མངོན་འགྱུར་ཡོང་བར་འབད་བརྩོན་སྔར་ལས་མང་པོ་བྱེད་དགོས་པའི་འབོད་སྐུལ་བཏང་།

རིན་ཧུང་ཡན་གྱིས་བསྟན་དོན། ཉིང་རྡུལ་མཚོན་ཆ་ཕྱོགས་ཡོངས་ནས་གཏན་འགོག་དང་རྩ་བ་ནས་མེད་པར་བཟོས་ཏེ། མཇུག་མཐར་ཉིང་རྡུལ་མཚོན་ཆ་མེད་པའི་འཛམ་གླིང་འཛུགས་རྒྱུ་དེ་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ལ། ཀྲུང་གོའི་སྲིད་གཞུང་གི་ཐོག་མཐའ་བར་གསུམ་གྱི་འདོད་བློ་ཡང་ཡིན། དེང་སྐབས་འཛམ་གླིང་དུ་རྒྱལ་སྤྱིའི་བདེ་འཇགས་ཀྱི་ཁོར་ཡུག་ཟང་ཟིང་དུ་འགྱུར་བ་དང་། འཇམ་འཐབ་ཀྱི་བསམ་གཞིག་ངན་པ་ཡང་བསྐྱར་ཐོན་ཏེ།   རྒྱལ་སྤྱིའི་ཉིང་རྡུལ་མཚོན་ཆ་ཉུང་འཕྲིའི་འཕེལ་རིམ་ལ་ཕོག་ཐུག་ཚབས་ཆེན་ཐེབས་པ་དང་། ཉིང་རྡུལ་མཚོན་ཆ་འགྲན་བསྡུར་དང་ཉིང་རྡུལ་འགལ་བ་འབྱུང་བའི་ཉེན་ཁ་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་ཡོད། རྒྱལ་ཁབ་སོ་སོས་འཇམ་འཐབ་ཀྱི་བསམ་བློ་དང་དཔུང་ཁག་གི་འགྲན་རྒོལ་ལ་འགོག་རྒོལ་མཐའ་གཅིག་ཏུ་བྱས་ཏེ།  དཔྱོད་ཤེས་དངོས་གཉེར་གྱི་རྣམ་འགྱུར་གྱིས་ཉིང་རྡུལ་མཚོན་ཆ་ཉུང་འཕྲིའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་།《ཉིང་རྡུལ་མཚོན་ཆ་མི་མཆེད་པའི་ཆིངས་ཡིག》 རྨང་གཞིར་བྱས་པའི་རྒྱལ་སྤྱིའི་ཉིང་རྡུལ་མཚོན་ཆ་ཉུང་འཕྲི་དང་ཉིང་རྡུལ་མི་མཆེད་པའི་མ་ལག་སྲུང་སྐྱོང་བྱེད་དགོས།

རིན་ཧུང་ཡན་གྱིས་བཤད་རྒྱུར། 《ཉིང་རྡུལ་མཚོན་ཆ་ཚོད་ལྟ་ཕྱོགས་ཡོངས་ནས་གཏན་འགོག་བྱེད་པའི་ཆིངས་ཡིག》ནི་རྒྱལ་སྤྱིའི་ཉིང་རྡུལ་མཚོན་ཆ་ཉུང་འཕྲི་དང་ཉིང་རྡུལ་མཚོན་ཆ་མི་མཆེད་པའི་མ་ལག་གི་འགག་རྩ་ཡིན་པས། ཉིང་རྡུལ་མཚོན་ཆ་འགྲན་བསྡུར་བཀག་འགོག་དང་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་བརླིང་སྲུང་སྐྱོང་བྱེད་པར་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོ་ནི་ཉིང་རྡུལ་མཚོན་ཆ་ཚོད་ལྟ་བྱེད་ཐེངས་ཆེས་ཉུང་ཤོས་ཀྱི་ཉིང་རྡུལ་མཚོན་ཆའི་རྒྱལ་ཁབ་ཅིག་ཡིན་ལ། ཆིངས་ཡིག་ལ་ཆེས་སྔ་མོར་མིང་རྟགས་བཀོད་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཆིངས་ཡིག་གི་དམིགས་ཡུལ་དང་དམིགས་འབེན་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང་། “ཚོད་ལྟ་བྱེད་མཚམས་འཇོག་པའི”ཁས་ལེན་དམ་པོར་བསྲུངས་ཏེ། ཉིང་རྡུལ་མཚོན་ཆ་ཕྱོགས་ཡོངས་ནས་གཏན་འགོག་དང་མེད་པར་བཟོ་བའི་བླ་ན་མེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཟེར།

རིན་ཧུང་ཡན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོས་ཉིང་རྡུལ་མཚོན་ཆ་ཡོད་པའི་ཉིན་དེ་ནས་བཟུང་། དུས་གང་ཞིག་དང་གནས་ཚུལ་གང་ཞིག་གི་འོག་ཏུའང་ཐོག་མར་ཉིང་རྡུལ་མཚོན་ཆ་མི་སྤྱོད་པ་དང་། ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཉིང་རྡུལ་མཚོན་ཆ་མེད་པའི་རྒྱལ་ཁབ་དང་ཉིང་རྡུལ་མཚོན་ཆ་མེད་པའི་ས་ཁུལ་ལ་ཉིང་རྡུལ་མཚོན་ཆ་མི་བཀོལ་བར་ཁས་ལེན་གསལ་བོ་བྱས་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ཉིང་རྡུལ་སྟོབས་ཤུགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་དགོས་མཁོའི་ཆེས་དམའ་བའི་ཆུ་ཚད་དུ་རྒྱུན་འཁྱོངས་བྱས་ཡོད་པས། རྒྱལ་ཁབ་གང་རུང་དང་མཚོན་ཆ་འགྲན་བསྡུར་བྱེད་འདོད་མེད།

རིན་ཧུང་ཡན་གྱིས་བཤད་རྒྱུར། ཀྲུང་གོས་ཉིང་རྡུལ་རྒྱལ་ཁབ་ལྔའི་ལམ་སྲོལ་མཐུན་སྦྱོར་པའི་འགན་དངོས་སུ་འཁུར་ནས། ཉིང་རྡུལ་རྒྱལ་ཁབ་ལྔ་ཡིས2022ལོར་ཉིང་རྡུལ་དམག་འཁྲུག་སྔོན་འགོག་བྱེད་པའི་མཉམ་འབྲེལ་གསལ་བསྒྲགས་ཀྱི་རྨང་གཞིའི་ཐོག ཉིང་རྡུལ་ཉེན་ཁ་ཇེ་ཉུང་དུ་གཏོང་བའི་སྤྱོད་འཐུས་བྱེད་ཐབས་འཚོལ་ཞིབ་བྱེད་པར་རེ་སྒུག་བྱེད་ཀྱིན་ཡོད།  ཀྲུང་གོས་ཉིང་རྡུལ་རྒྱལ་ཁབ་ལྔས“ཕན་ཚུན་སྔོན་ལ་ཉིང་རྡུལ་མཚོན་ཆ་མི་སྤྱོད་པའི་ཆིངས་ཡིག”འཇོག་པའམ་ཡང་ན་འབྲེལ་ཡོད་ཆབ་སྲིད་ཀྱི་གསལ་བསྒྲགས་སྤེལ་རྒྱུའི་གྲོས་གཞི་བཏོན་ཡོད།  ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ《ཉིང་རྡུལ་མཚོན་ཆ་མི་མཆེད་པའི་ཆིངས་ཡིག》གི་དབང་ཟིལ་རང་བཞིན་དང་ཕན་ནུས་རང་བཞིན་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས། 《ཉིང་རྡུལ་མཚོན་ཆ་ཚོད་ལྟ་ཕྱོགས་ཡོངས་ནས་གཏན་འགོག་བྱེད་པའི་ཆིངས་ཡིག》སྔ་མོ་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།