ཚེས6ཉིན། ཨ་ཧྥེ་རི་ཁའི་ནད་ཡམས་ཚོད་འཛིན་ལྟེ་གནས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོ་དང་མཉམ་འབྲེལ་གྱིས་སྤྲེལ་འབྲུམ་རིམས་ནད་ལ་ཁ་གཏད་གཅོག་པའི་འཆར་གཞི་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
ཨ་ཧྥེ་རི་ཁའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རིན་རང·ཁ་སའེ་ཡ་ཡིས་ཉིན་དེར་དྲ་ཐོག་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཟླ་བ་དྲུག་གི་མཉམ་འབྲེལ་ཁ་གཏད་གཅོག་པའི་འཆར་གཞིའི་མ་དངུལ་ཨ་སྒོར་དུང་ཕྱུར6ཙམ་ཟིན་པ་དེས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་སོས་སྤྲེལ་འབྲུམ་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་བྱེད་རྒྱུ་མ་ཟད། མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད་དེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་སོར་གཉེར་སྐྱོང་དང་ལག་རྩལ་གྱི་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བཤད།
རང·ཁ་སའེ་ཡ་ཡིས་ད་ལོ་ནས་བཟུང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་སོར་སྤྲེའུ་འབྲུམ་གྱི་ནད་རྟགས་དང་འདྲ་བའི་ནད་པ་ཁྱོན་སྡོམ24851ཐོན་པའི་ནང་། ནད་པ643རྐྱེན་ལམ་དུ་ཤོར་ཟེར། ཁོང་ཀོ(ཅིན)ནི་ཐེངས་འདིའི་སྤྲེལ་འབྲུམ་ནད་གཞིའི“ལྟེ་གནས”ལྟ་བུ་ཡིན་ཞིང་། ད་ལོར་ཁྱོན་སྡོམ་སྤྲེལ་འབྲུམ་གྱི་ནད་རྟགས་དང་འདྲ་བའི་ནད་པ20463ཐོན་པའི་ནང་ནད་པ635ཚེ་ལས་འདས། སྤྲེལ་འབྲུམ་གྱི་རིམས་འགོག་སྨན་ཁབ་སྐོར་དང་པོ་དེ་ཚེས5ཉིན་ཁོང་ཀོ(ཅིན)གྱི་རྒྱལ་ས་ཁེན་ཧྲ་སར་འབྱོར་བ་དང་། ཁོང་ཀོ(ཅིན)སྲིད་གཞུང་གིས་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་བར་འཆར་འགོད་བྱེད་བཞིན་ཡོད་པ་རེད།
རང·ཁ་སའེ་ཡ་ཡིས་བཤད་རྒྱུར། ད་ལོའི་ཟླ་བ་ལྔ་པ་ནས་བཟུང་། ཨ་ཧྥེ་རི་ཁའི་སྤྲེལ་འབྲུམ་ནད་པའི་གྲངས་ཀ་མང་དུ་འགྲོ་བའི་རྣམ་པ་མངོན་པ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་སོ་རུ་ཟླ་འདིའི་ཟླ་སྟོད་དུ་སློབ་མགོ་བརྩམས་པ་དང་བསྟུན་ནས་རིམས་ནད་མཆེད་པའི་ཉེན་ཁ་ཆེ་རུ་ཕྱིན་ཡོད། ཁོས་སྤྲེལ་འབྲུམ་རིམས་འགོག་སྨན་ཁབ་མི་འགྱང་བར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གཞན་དག་ཏུ་དབོར་འདྲེན་བྱེད་རྒྱུ་ཡིན་པ་དང་། ཨ་ཧྥེ་རི་ཁའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོའི་འཕྲོད་བསྟེན་སྡེ་ཁག་དང་མཉམ་དུ་ནད་དུག་འགོག་བཅོས་དང་རིམས་འགོག་སྨན་ཁབ་རྒྱག་པ་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་་བཞིན་ཡོད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ8པའི་ཚེས14ཉིན། སྤྲེལ་འབྲུམ་གྱི་རིམས་ནད་དེ“རྒྱལ་སྤྱིས་དོ་ཁུར་བྱེད་པའི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན”དུ་གྱུར་ཡོད་ཅེས་ཁྱབ་བསྒྲགས་བྱས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྤྲེལ་འབྲུམ་ནད་དུག་གི་དུག་རྐང་གསར་པའི“ཡན་ལགIb”དེ་ན་ནིང་ཁོང་ཀོ(ཅིན)ལ་ཐོན་པ་དང་། དེ་ནས་མགྱོགས་མྱུར་གྱིས་པུ་རུན་ཏི་དང་ཁེན་ནི་ཡ། རུ་ཝང་ཏ། ཝུ་ཀན་ཏ་སོགས་སྤྲེལ་འབྲུམ་གྱི་ནད་དཔེ་སྙན་ཞུ་གཏན་ནས་བྱེད་མྱོང་མེད་པའི་མཐའ་འཁོར་རྒྱལ་ཁབ་ཏུ་མཆེད་པ་རེད་ཟེར། ཟླ8པའི་ཚེས26ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྤྲེལ་འབྲུམ་རིམས་ནད་ལ་དམིགས་པའི་གོ་ལ་ཧྲིལ་པོའི་འཐབ་ཇུས་སྔོན་འགོག་དང་ཁ་གཏད་གཅོག་པའི་འཆར་གཞི་ཞིག་ལག་བསྟར་བྱས་ནས། གོ་ལ་ཧྲིལ་པོ་དང་ས་ཁུལ། རྒྱལ་ཁབ་བཅས་ཀྱི་མཐུན་སྦྱོར་འབད་བརྩོན་ལ་བརྟེན་ནས་རིམས་ནད་མཆེད་པར་སྔོན་འགོག་བྱས།
སྤྲེའུ་འབྲུམ་གྱི་ནད་དུག་ནི་རང་བཞིན་གྱིས་མི་ཕྱུགས་གཉིས་ཀར་འགོ་བའི་ནད་ཅིག་རེད། མི་ལ་སྤྲེའུ་འབྲུམ་ཐོག་མར་འགོ་དུས་ཚ་བ་རྒྱས་པ་དང་། མགོ་ན་བ། ཤ་གནད་ན་བ། སྒལ་གཞུང་ན་བ། རྨེན་མདུད་སྐྲངས་པ་བཅས་ཀྱི་ནད་རྟགས་མངོན་པ་དང་། ནད་པ་མང་ཆེ་བ་གཟའ་འཁོར་འགའི་ནང་དུ་དྲག་སྲིད་མོད། འོན་ཀྱང་ནད་པ་ཁ་ཤས་ཀྱི་ནད་གཞི་ཚབས་ཇེ་ཆེར་འགྲོ་བའམ་ཐ་ན་ཤི་བའི་ཉེན་ཁ་ཡང་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།