ཡེ་མིན་ཧུའུ་སའེ་དྲག་ཆས་པས་ཡང་བསྐྱར་ཨ་རིའི་དམག་གི་མི་མེད་གནམ་གྲུMQ-9ཅན་ལ་གཏོར་སྐྱོན་བཏང་།
2024.09.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཚེས7ཉིན་གྱི་དགོང་མོ། ས་ན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཡེ་མིན་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ཡེ་མིན་བྱང་ཤར་རྒྱུད་ཀྱི་མ་ལི་པུའུ་ཞིང་ཆེན་དུ། ཡང་བསྐྱར་ཨ་རིའི་དམག་གིMQ-9ཅན་གྱི“འཆི་ལྷ”ཞེས་པའི་མི་མེད་གནམ་གྲུ་ཞིག་ལ་གཏོར་སྐྱོན་བཏང་ཡོད་ཟེར།

ཡེ་མིན་ཧུའུ་སའེ་དྲག་ཆས་ཀྱི་མགྲིན་ཚབ་པ་ཡེ་ཧའེ་ཡ·ས་ལེ་ཡ་ཡིས་རྩ་འཛུགས་དེས་ཚོད་འཛིན་བྱས་པའི་མ་ཞིས་ལ་བརྙན་འཕྲིན་ལས་ཁུངས་ནས་གསལ་བསྒྲགས་སྤེལ་ཏེ་བཤད་རྒྱུར། མི་མེད་གནམ་གྲུ་དེར་གཏོར་སྐྱོར་བཏང་བ་ནི“ཨ་རི་དང་དབྱིན་ཇིས་ཡེ་མིན་ལ་བཙན་འཛུལ་བྱས་པར་ངོ་རྒོལ་བྱས་པ་ཞིག་ཡིན”ཟེར།

ས་ལེ་ཡ་ཡིས་ཨ་རིའི་དམག་གི་མི་མེད་གནམ་གྲུ་དེ་གཏོར་སྐབས“དགྲར་འཛིན་གྱི་བྱ་སྤྱོད་སྤེལ་བཞིན་ཡོད”ཟེར།   ཁོས་མི་མེད་གནམ་གྲུ་དེར་གཏོར་སྐྱོན་བཏང་པའི་དུས་ཚོད་ཕྱིར་བསྒྲགས་བྱས་མེད་ཅིང་། དེ་ནི་ཧུའུ་སའེ་དྲག་ཆས་ཀྱིས་ན་ནིང་གི་ཟླ10པ་ནས་བཟུང་མི་མེད་གནམ་གྲུར་གཏོར་སྐྱོན་གཏོང་ཐེངས་བརྒྱད་པ་ཡིན་ཟེར།

ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་གནས་སྐབས་སུ་དོན་རྐྱེན་དེའི་ཐད་རྣམ་འགྱུར་ཅི་ཡང་བསྟན་མེད། MQ-9ནི་ཞིབ་རྡུང་གཞི་གཅིག་ཅན་གྱི་མི་མེད་གནམ་གྲུར་གཏོགས་པ་དང་། མྱུལ་ཞིབ་དང་ལྟ་ཞིབ་ཀྱི་ལས་འགན་སྒྲུབ་ཐུབ་པར་མ་ཟད་འཕུར་མདེལ་ཁྱེར་ནས་ས་ངོས་ཀྱི་དམིགས་འབེན་ལ་རྡུང་རྡེག་ཀྱང་གཏོང་ཐུབ་པ་ཞིག་རེད།

ན་ནིང་གི་ཟླ10པར་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གདོང་ཐུག་བྱུང་རྗེས།  ཧུའུ་སའེ་དྲག་ཆས་ཀྱིས་མི་མེད་གནམ་གྲུ་དང་འཕུར་མདེལ་སྤྱད་དེ་རྒྱ་མཚོ་དམར་པོ་དང་ཡ་ཏིང་བན་གྱི་ཆུ་ཁོངས་སུ་འཇབ་རྒོལ་བྱས་ཏེ།  དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་གྱི་དམག་དོན་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་བླང་བྱ་བཏོན་པ་རེད། ད་ལོའི་ཟླ1པོའི་ཚེས12ཉིན་ནས་བཟུང་། ཨ་རི་དང་དབྱིན་ཇིས་ཧུའུ་སའེ་དྲག་ཆས་དམིགས་འབེན་ལ་མཁའ་རྒོལ་ཐེངས་མང་བྱས་པས་མི་སྣ་ཤི་རྨས་བྱུང་ཡོད། རྒྱལ་ཁབ་ཁག་ཅིག་གིས་ཨ་རི་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་བྱ་སྤྱོད་ལ་རྒོལ་གཏམ་བཏང་ནས།  དེ་ནི་ཡེ་མེན་གྱི་བདག་དབང་ལ་བཙན་འཛུལ་བྱས་པ་ཞིག་ཡིན་པས་ས་ཁུལ་གྱི་དུས་བབ་ཛ་དྲག་ཏུ་འགྲོ་སྲིད་པར་ངོས་འཛིན་བྱེད་ཀྱི་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།