ཝེ་ནེ་ཙུའེ་ལས་པ་ཞི་ཡི་ཨ་ཀེན་ཐིན་གྱི་ཝེ་ནེ་ཙུའེ་ལ་རུ་སྡོད་པའི་གཞུང་ཚབ་ཁང་གི་འཐུས་ཚབ་དབང་ཆ་ཕྱིར་འཐེན་བྱས།
2024.09.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཝེ་ནེ་ཙུའེ་ལའི་ཕྱི་འབྲེལ་པུའུ་ཡིས་ཚེས7ཉིན་སྤེལ་བའི་སྤྱི་བསྒྲགས་ལས་བཤད་རྒྱུར། ཝེ་ནེ་ཙུའེ་ལའི་སྲིད་གཞུང་གིས་པ་ཞི་ཡི་ཨ་ཀེན་ཐིན་གྱི་ཝེ་ནེ་ཙུའེ་ལར་སྡོད་པའི་གཞུང་ཚབ་ཁང་གི་འཐུས་ཚབ་དབང་ཆ་ཕྱིར་འཐེན་བྱས་ཟེར།

སྤྱི་བསྒྲགས་ལས་བཤད་རྒྱུར། ཝེ་ནེ་ཙུའེ་ལས་ཐག་གཅོད་དེ་བྱས་པའི་རྒྱུ་མཚན་ནི། གཞུང་ཚབ་ཁང་དུ་འགེབས་སྲུང་དང་ལེན་བྱེད་བཞིན་པའི་ཝེ་ནེ་ཙུའེ་ལའི་ངོ་རྒོལ་ཕྱོགས་ཁག་གི་ཁོངས་མིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་ཏུའུ་ལའོ་དང་ཙུང་ཐུང་གཞོན་པ་ལའོ་ཏི་ལིས་ཀི་སི་ལ་ཁ་གཏད་པའི་ལྐོག་བསོད་དང་འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་གཞན་པའི་ཇུས་འགོད་ཁྲོད་ཞུགས་པ་བདེན་དཔང་བྱས་པའི་དབང་གིས་ཡིན་ཟེར།

ཟླ3པའི་ཟླ་མཇུག་ནས་བཟུང་། བསྡོམས་པས་ཝེ་ནེ་ཙུའེ་ལས་ངོ་རྒོལ་ཕྱོགས་ཁག་གི་ཁོངས་མི་དྲུག་གིས་ཨ་ཀེན་ཐིན་གྱི་ཝེ་ནེ་ཙུའེ་ལར་སྡོད་པའི་གཞུང་ཚབ་ཁང་དུ་འགེབས་སྲུང་དང་ལེན་བྱས་པ་དང་། ཝེ་ནེ་ཙུའེ་ལའི་ཞིབ་དཔྱོད་ལས་ཁུངས་ཀྱི་ངོ་རྒོལ་ཕྱོགས་ཁག་གི་ཁོངས་མི་དེ་དག་གིས་རྒྱལ་ཁབ་ལ་ངོ་ལོག་བྱེད་པའི་ཉེས་གསོག་བྱས་ཡོད་པའི་སྐྱོན་འདོན་བྱས།

ཝེ་ནེ་ཙུའེ་ལས་ཟླ7པའི་ཚེས28ཉིན་ཙུང་ཐུང་འདེམ་བསྐོ་བྱས་པ་དང་། ཝེ་ནེ་ཙུའེ་ལ་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཕྱི་ཉིན་ཞོགས་པར་ད་ལྟའི་ཙུང་ཐུང་ཏུའུ་མ་ལའོ་ཡང་བསྐྱར་ཙུང་ཐུང་ལ་བདམས་པ་ཁྱབ་བསྒྲགས་བྱས། ཝེ་ནེ་ཙུའེ་ལའི་ཕྱི་འབྲེལ་པུའུ་ཡིས་ཟླ7པའི་ཚེས29ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་ཀེན་ཐིན་དང་ཀྲི་ལི།  ཕེ་རུ་སོགས་ལ་ཏིན་མེ་གླིང་ས་ཁུལ་གྱི་རྒྱལ་ཁབ་ཀྱིས་ཝེ་ནེ་ཙུའེ་ལའི་འདེམ་བསྐོའི་མཇུག་འབྲས་ཁས་ལེན་བྱེད་ཀྱིན་མེད་པའི་དབང་གིས། ཝེ་ནེ་ཙུའེ་ལ་ཡིས་ཕྱི་འབྲེལ་མི་སྣ་རྒྱལ་ཁབ་དེ་དག་ལས་ཕྱིར་འཐེན་བྱེད་རྩིས་ཡོད་པ་དང་། དེ་དང་མཉམ་དུ་རྒྱལ་ཁབ་དེ་ཁག་གི་ཁོ་ཚོའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་མི་སྣ་ཝེ་ནེ་ཙུའེ་ལ་ནས་ཕྱིར་འཐེན་བྱེད་རྒྱུའི་རེ་བ་བཏོན། ཟླ8པའི་ཚུན་དུ། པ་ཞི་དེ་ཨ་ཀེན་ཐིན་དང་ཕེ་རུ་ཡི་ཝེ་ནེ་ཙུའེ་ལའི་ཁེ་ཕན་གྱི་འཐུས་ཚབ་ཏུ་གྱུར་ནས། རྒྱལ་ཁབ་དེ་གཉིས་ཀྱི་ཝེ་ནེ་ཙུའེ་ལར་སྡོད་པའི་གཞུང་ཚབ་ཁང་ནང་གི་རྒྱུ་ནོར་དང་ཡིག་ཚགས་སོགས་ལ་དོ་དམ་བྱེད་པའི་འགན་ཁུར་ཡོད།

རིན་ཆེན་མཚོས་བསྒྱུར།