དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་ས་ཆ་མང་པོར་འབར་མདེལ་འཕངས་ནས་མི17རྐྱེན་ལམ་དུ་ཤོར།
2024.09.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཚེས7ཉིན།  ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་ས་ཆ་མང་པོར་འབར་མདེལ་འཕངས་ནས་མི17རྐྱེན་ལམ་དུ་ཤོར་ཡོད་པ་རེད།

གནས་ཚུལ་སྤེལ་བ་ལྟར་ན།  ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་དུ་དབྱི་སི་རལ་དམག་དཔུང་གིས་ཅེ་པ་ལི་ཡེ་ས་ཁུལ་གྱི་སློབ་གྲྭ་ཞིག་ལ་འབར་མདེལ་འཕངས་པས་མི8རྐྱེན་ལམ་དུ་ཤོར་བ་དང་མི15ལ་རྨས་སྐྱོན་ཕོག་ཡོད་པ་དང་། ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་དུ་དབྱི་སི་རལ་དམག་དཔུང་གིས་ནུའུ་སའེ་ལའེ་ཐེ་སྐྱབས་བཅོལ་བའི་སྒར་སར་འབར་མདེལ་འཕངས་པས་ཁྱོན་སྡོམ་མི9རྐྱེན་ལམ་དུ་ཤོར་ཡོད།

ཚེས7ཉིན། དབྱི་སི་རལ་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས། གསང་འཕྲིན་གཞིར་བཟུང་ནས་མཁའ་དམག་གིས་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་ཀྱི་སློབ་གྲྭ་ཞིག་གི་ཧ་མ་སིའི་བཀོད་འདོམས་ལྟེ་གནས་ལ་རྡུང་རྡེག་གནད་ལ་འཁེལ་བ་བཏང་ཡོད།  ཧ་མ་སིའི་དྲག་ཆས་མི་སྣས་བཀོད་འདོམས་ལྟེ་གནས་དེ་སྤྱད་དེ་དབྱི་སི་རལ་ཕྱོགས་ལ་དམིགས་པའི་འཇབ་རྒོལ་གྱི་ཇུས་འགོད་བྱས་པར་མ་ཟད་ལག་བསྟར་བྱས་པ་རེད།

ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས7ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ན་ནིང་གི་ཟླ་བ་བཅུ་པར་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་བྱུང་པ་ནས་བཟུང་། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས་བཟུང་ཕ་ལེ་སི་ཐན་བ་ཁྲི4.1ཙམ་ཤི་བ་དང་མི་ཁྲི9.4ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།