ཨ་མེ་རི་ཁའི་ཅཱ་ལི་ཧྥུའུ་ཉི་ཡཱ་མངའ་སྡེའི་ནགས་ཚལ་དང་མེ་གསོད་ཅུའུ་ཡིས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་ཁྱབ་བསྒྲགས་བྱས་དོན། ལའེ་ཨིན་ཞེས་པའི་མེ་སྐྱོན་མངའ་སྡེ་དེའི་ལྷོ་ཕྱོགས་ས་ཁུལ་ནས་མྱུར་མོར་རྒྱ་ཡན་དུ་མཆེད་པ་དང་། མེ་སྐྱོན་བྱུང་སའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་བདུན་ཅུ་ལྷག་ལ་བསླེབས་ཡོད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། ཚེས་ལྔ་ཉིན་ནས་བྱུང་བའི་ལའེ་ཨིན་ཞེས་པའི་མེ་སྐྱོན་དེ་མྱུར་མོར་རྒྱ་ཡན་དུ་མཆེད་ནས་ཚོད་འཛིན་བྱེད་ཐབས་བྲལ་ཡོད། བསྡོམས་པས་སྡོད་ཁང་ཁྲི་གསུམ་དང་སྟོང་ལྔ་བཞི་བརྒྱ་ལྷག་ལ་འཇིགས་ཉེན་ཐེབས་པ་དང་། སྡོད་དམངས་སྟོང་ཕྲག་འགའ་མྱུར་མོར་གནས་གཞན་དུ་སྤར་བའི་བཀའ་རྒྱ་འབྱོར་ཡོད། མིག་སྔར་མེ་གསོད་མི་སྣ་དྲུག་བརྒྱ་ལྷག་གིས་སྒྲིག་ཆས་མང་བོའི་རོགས་སྐྱོར་འོག་མེ་གསོད་བྱ་བར་ཞུགས་བཞིན་ཡོད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། མེ་སྐྱོན་བྱུང་སའི་ས་ཁུལ་གཡང་གཟར་ཡིན་པ་དང་ས་དེའི་དྲོད་ཚད་དྲོད་གྲངས་བཞི་བཅུ་ལས་བརྒལ་ཡོད་པར་མ་ཟད། ཆར་ཤ་རྒྱུན་དུ་འབྱུང་བཞིན་ཡོད་པས། མེ་གསོད་པའི་བྱ་བར་འགོར་འགྱངས་བྱས་པ་དང་། མེ་གསོད་མི་སྣ་གསུམ་ལ་འགུལ་སྐྱོད་སྤེལ་སྐབས་རྨས་ཕོག་ཡོད་ཟེར།
ཅཱ་ལི་ཧྥུའུ་ཉི་ཡཱ་མངའ་སྡེའི་སྲིད་གཞུང་གིས་ཚེས་བདུན་ཉིན་ཁྱབ་བསྒྲགས་བྱས་དོན། མངའ་སྡེ་དེའི་ཧྲིན་པེ་ནཱ་ཏིས་ནོའུ་རྫོང་གིས་མེ་སྐྱོན་དབང་གིས་དོགས་ཟོན་མཐོར་འདེགས་བྱས་ཡོད། ཨ་མེ་རི་ཁའི་ལྷོ་ཕྱོགས་མཚོ་འགྲམ་གྱི་མཁའ་དབུགས་སྤུས་ཚད་དོ་དམ་སྡེ་ཁག་གིས་ཉིན་དེར་དུད་རྡུལ་སྦགས་བཙོག་ཆེ་བའི་ཉེན་བརྡ་བཏང་བ་དང་། ཤུགས་རྐྱེན་ཐེབས་སའི་ས་ཁུལ་གཙོ་བོ་ནི་ཧྲིན་པེ་ནཱ་ཏིས་ནོའུ་རྒྱལ་ཁབ་ནགས་ཚལ་ཤར་ངོས་ཀྱི་གྲོང་རྡལ་དང་སྡེ་བ་དག་ཡིན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།