ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། སུའུ་ཏན་ཤར་ལྷོའི་ཕྱོགས་ཀྱི་སིན་ནཱ་ཨར་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་སིན་ནཱ་ཨར་ལ་ཉིན་དེར་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་སྒྱོགས་མདེལ་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི21རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ཅུ་ལྷག་ལ་རྨས་ཕོག
གནས་ཚུལ་ཤེས་མཁན་གྱིས་བཤད་རྒྱུར། སྒྱོགས་མདེལ་གྱི་འཇབ་རྒོལ་ཁྲོད་སིན་ནཱ་ཨར་གྲོང་ཁྱེར་གྱི་ཀུན་འདུས་ཚོང་ར་ཞིག་དང་། སྤྱི་སྤྱོད་རླངས་འཁོར་ས་ཚིགས་ཤིག སྡེ་ཁུལ་གཅིག་བཅས་ལ་སྒྱོགས་མདེལ་གྱི་འཇབ་རྒོལ་བྱས་ཏེ་མི་སྣ་མང་བོར་ཤི་རྨས་བཟོས་ཡོད་ཟེར།
སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
ད་ལོའི་ཟླ་དྲུག་པའི་ཟླ་སྨད་ཀྱི་ཚུན་ལ། སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་སིན་ནཱ་ཨར་མངའ་སྡེའི་ཚོད་འཛིན་དབང་ཆར་དམིགས་ནས་འཁྲུག་རྩོད་དྲག་པོ་བྱས་པས། མི་སེར་དཀྱུས་མ་མང་བོ་ཡུལ་འཁྱམས་མི་བྱེད་ཐབས་མེད་བྱུང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱི་གཞི་གྲངས་ལྟར་ན། མི་འབུམ་བདུན་ལྷག་སིན་ནཱ་ཨར་ནས་བྲོས་བྱོལ་བྱས་ཏེ་ཡུལ་འཁྱམས་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།