ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ས་ཁུལ་དུ་སྣུམ་འདྲུད་རླངས་འཁོར་ཞིག་འགས་གཏོར་བྱུང་ནས་མི48རྐྱེན་ལམ་དུ་ཤོར།
2024.09.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

སྣུམ་འདྲུད་རླངས་འཁོར་ཞིག་ཚེས8ཉིན་ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ཀྱི་ནེ་ཀྲིར་མངའ་སྡེ་ནས་དངོས་སྐྱེལ་རླངས་འཁོར་ཞིག་ལ་ཐོ་བརྒྱབ་རྗེས་འགས་གཏོར་བྱུང་ནས་མེར་འབར་བ་དང་། མི48རྐྱེན་ལམ་དུ་ཤོར།

ནེ་ཀྲིར་མངའ་སྡེའི་བྲེལ་མྱུར་དོ་དམ་ཅུའུ་ཡི་འགན་ཁུར་བ་པཱ་པཱ་ཨ་ལཱ་ཡིས་སྨྱན་བྱད་ལ་བཤད་རྒྱུར། རྡོ་སྣུམ་དྲུད་པའི་རླངས་འཁོར་དེ་ནེ་ཀྲིར་མངའ་སྡེའི་པུས་ཏཱ་ཨ་ཀེ་ལཱ་ཕཱ་དབྱེ་མྱུར་བགྲོད་གཞུང་ལམ་སྟེང་འགྲུལ་བ་དང་བ་གླང་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཞིག་ལ་ཐོ་བརྒྱབ་རྗེས་འགས་གཏོར་བྱུང་ནས་མེར་འབར་བ་རེད་ཟེར།

པཱ་པཱ་ཨ་ལཱ་ཡིས་བཤད་རྒྱུར། རླངས་འཁོར་གཞན་པ་གཉིས་ཀྱང་མེར་འབར་ཡོད་ལ། དོན་རྐྱེན་དེ་ལས་མི48རྐྱེན་ལམ་དུ་ཤོར་བ་དང་། ཉུང་མཐར་ཡང་བ་གླང50ཤི་ཡོད་ལ། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

ལམ་མི་བདེ་བ་དང་ཐེག་ཚད་དང་མྱུར་ཚད་ལས་བརྒལ་བ་སོགས་ཀྱི་དབང་གིས་ནེ་ཀྲི་རི་ཡཱ་རུ་འགྲིམ་འགྲུལ་དོན་རྐྱེན་རྒྱུ་དུ་འབྱུང་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།