མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཞི་བདེའི་འཕེལ་རིམ་གྱི་དམིགས་བསལ་མཐུན་སྦྱོར་བ་ཝུན་ནེ་སི་ལན་གྱིས་ཚེས10ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉིན་དེར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སིའི་ཡུལ་གྱར་བའི་འདུས་སྡོད་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ་མི་སྣ་མང་བོར་ཤི་རྨས་བཟོས་པར་རྒོལ་གཏམ་དྲག་པོ་བཏང་།
ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་དམངས་སྲུང་སྡེ་ཁག་གིས་ཚེས10ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཧན་ཡུག་ནེ་སིའི་མཱ་ཝ་ཞི་ས་ཁུལ་དུ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི40རྐྱེན་ལམ་དུ་ཤོར་བ་དང་། མི60ལ་རྨས་ཕོག་ཡོད། བར་སྣང་འཇབ་རྒོལ་དེ་ལས་ཡུལ་གྱར་བའི་རས་གུར20ལ་གཏོར་བརླག་ཐེབས་ཡོད་ཟེར།
གསལ་སྒྲོག་ལས་བསྟན་དོན། དེ་ནི་དབྱི་སི་རལ་ཕྱོགས་ཀྱིས་དམིགས་འཛུགས་བྱས་པའི་མི་ཆོས་རིང་ལུགས་ཀྱི་ས་ཁོངས་ཡིན་པ་དང་མི་མང་བོ་འདུས་སྡོད་བྱས་ཡོད་ཟེར། དབྱི་སི་རལ་དམག་ཕྱོགས་ཀྱི་གསལ་སྒྲོག་ལས་བཤད་རྒྱུར། བར་སྣང་འཇབ་རྒོལ་བྱེད་ས་ནི་ས་ཁོངས་དེའི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དྲག་ཆས་མི་སྣ་ཡིན་ཟེར། ཝུན་ནེ་སི་ལན་གྱིས་ནན་གྱིས་བསྟན་དོན། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་རྒྱུན་འཁྱོངས་བྱས་ཏེ། དབྱི་སི་རལ་ཕྱོགས་ཀྱི་བྱ་སྤྱོད་དེ་རིགས་ལས་ཅཱ་ཧྲ་ས་ཁུལ་དུ་བདེ་འཇགས་ཀྱི་གནས་ཤིག་མེད་པ་ཡང་བསྐྱར་གསལ་བཤད་བྱས་ཡོད་ཟེར། གསལ་སྒྲོག་ལས་ཕྱོགས་སོ་སོས་བཀག་འཇུག་ཐེབས་པའི་མི་སྣ་ཚང་མ་ཕྱིར་གཏོང་བ་དང་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་གྲོས་མཐུན་འགོད་པ་དང་། མི་སེར་དཀྱུས་མ་དམར་གསོད་གཏོང་མཚམས་བཞག་ནས་འཐབ་འཁྲུག་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།
ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཀྱང་ཚེས10ཉིན་གསལ་སྒྲོག་སྤེལ་ཏེ་དབྱི་སི་རལ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་འདུས་སྡོད་བྱེད་སར་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།