ཕོ་ལན་གྱིས་འཇར་མན་གྱིས་མཐའ་མཚམས་བཀག་སྡོམ་སླར་གསོ་བྱེད་པའི་གནད་དོན་ཐད་ནས་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.09.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཕོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་ཡིས་ཚེས10ཉིན་བཤད་རྒྱུར། ཕོ་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་ནས་འཇར་མན་གྱིས་སྐམ་སའི་མཐའ་མཚམས་བཀག་སྡོམ་སླར་གསོ་བྱས་པའི་གནད་དོན་ལ་མྱུར་མོར་གྲོས་བསྡུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཐུའུ་སི་ཁི་ཡིས་ཉིན་དེར་བསྡུས་པའི་ཕྱི་ཕྱོགས་སུ་སྡོད་པའི་ཕོ་ལན་གྱི་གཞུང་ཚབ་པའི་གྲོས་ཚོགས་སྟེང་བཤད་རྒྱུར། འཇར་མན་གྱིས་མཐའ་མཚམས་བཀག་སྡོམ་སླར་གསོ་བྱས་པ་ལས་ཧྲིན་ཀིན་རྒྱལ་ཁབ་བར་གྱི་རང་དབང་འགྲོ་འོང་གཞི་རྒྱ་ཆེ་བའི་སྒོ་ནས་མཚམས་བཞག་པ་ཡོད་ཡིན་པས། ཕོ་ལན་གྱིས་མ་འོངས་པའི་དུས་ཚོད་འགའི་ནང་སྲིད་ཇུས་དེའི་ཤུགས་རྐྱེན་ཐེབས་པའི་འཇར་མན་གྱི་ཁྱིམ་མཚེས་རྒྱལ་ཁབ་དག་ལ་འབྲེལ་གཏུག་བྱས་ནས། གནད་དོན་དེའི་ཐད་ནས་ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་དུ་བྲེལ་མྱུར་གྲོས་མོལ་སྤེལ་དགོས་པའི་འབོད་སྐུལ་གཏོང་རྒྱུ་ཡིན་ཟེར།

ཐུའུ་སི་ཁི་ཡིས་བཤད་རྒྱུར། འཇར་མན་གྱིས་ཕོ་ལན་གྱི་ཁྲིམས་འགལ་གནས་སྤོར་སྡོད་དམངས་སྐོར་གྱི་སྲིད་ཇུས་དཔེར་འཛིན་དགོས་པ་ལས། སྔོན་ལ་མི་ཚང་མར་སྒོ་ཆེན་ཡངས་པོར་ཕྱེས་རྗེས། གློ་བུར་དུ་སྒོ་ཆེན་བཀག་སྡོམ་བྱེད་མི་རུང་། ཐལ་དྲགས་པ་གཅིག་ནས་ཐལ་དྲགས་པ་གཞན་ཞིག་ཏུ་བསྒྱུར་བའི་བྱེད་ཐབས་དེ་རིགས་ལུགས་མཐུན་མིན་ཟེར།

འཇར་མན་དུ་ཉེ་སྔོན་གནས་སྤོར་སྡོད་དམངས་དང་འབྲེལ་བའི་དྲག་ཤུགས་ནག་ཉེས་བྱ་སྤྱོད་མང་དུ་བྱུང་ཡོད། འཇར་མན་གསར་འགྱུར་ཁང་གིས་ཚེས་དགུ་ཉིན་འབྲེལ་ཡོད་མི་སྣའི་སྐད་ཆ་དྲངས་ནས་བཤད་རྒྱུར། འཇར་མན་གྱི་ནང་སྲིད་དང་རྒྱལ་ཁོངས་པུའུ་ཀྲང་ཧྥེ་ཙེ་ཡིས་བཀའ་རྒྱ་བཏང་སྟེ། འཇར་མན་གྱི་སྐམ་སའི་མཐའ་མཚམས་ཚང་མར་ལམ་ཡིག་ཞིབ་བཤེར་བྱེད་པ་སླར་གསོ་བྱས་ནས། རྒྱུན་ལྡན་མིན་པའི་གནས་སྤོར་སྡོད་དམངས་ལ་ཚོད་འཛིན་དང་། འཇིགས་སྐུལ་རིང་ལུགས་དང་རྒྱལ་ཁོངས་བརྒལ་བའི་ནག་ཉེས་རྩ་འཛུགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།

ན་ནིང་ཟླ10བར། འཇར་མན་གྱིས་སུའེ་ཙེར་དང་ཅེ་ཁི། ཕོ་ལན་བཅས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཐའ་མཚམས་ས་ཁུལ་དུ་བཀག་སྡོམ་སླར་གསོ་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།