ཐུ་ནི་ཞི་ཡཱ་ནས་ལྐོག་འགྲོས་མཁན་གྱི་བེམ་པོ་དྲུག་རྙེད།
2024.09.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཐུ་ནི་ཞི་ཡཱའི་མཱ་སེ་ཁི་བརྙན་འཕྲིན་ཁང་གིས་ཚེས12ཉིན་བསྒྲགས་པ་ལྟར་ན། ཐུ་ནི་ཞི་ཡཱའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཚེས11ཉིན་གྱི་དགོང་མོར་ཐུ་ནི་ཞི་ཡཱའི་ཤར་ཕྱོགས་ཀྱི་མའོ་ནཱ་སི་ཐིས་ཨར་གྲོང་ཁྱེར་ཉེ་འདབས་ཀྱི་མཚོ་ཁོངས་ནས་ལྐོག་འགྲོས་མཁན་གྱི་བེམ་པོ་དྲུག་རྙེད་ཡོད་ཟེར།

བསྒྲགས་པ་ལྟར་ན། ལྐོག་འགྲོས་མཁན་གྱི་བེམ་པོ་དྲུག་གི་ནང་བྱིས་པ་གཅིག་ཡོད་པ་དང་། སཱ་ཧཱ་ལཱའི་ལྷོ་ངོས་ཀྱི་རྒྱལ་ཁབ་དག་ནས་ཡོང་བ་རེད། ལྐོག་འགྲོས་མཁན་དེ་དག་བསྡད་ཡོད་པའི་གྲུ་གཟིངས་ཉེ་འདབས་མཚོ་ཁོངས་ནས་རྒྱ་མཚོར་ནུབ་པ་རེད་ཟེར།

ཐུ་ནི་ཞི་ཡཱའི་རྒྱལ་དམངས་ཉེན་སྲུང་རུ་ཁག་གིས་ཉེ་སྔོན་གསལ་སྒྲོག་སྤེལ་ཏེ། ད་ལོའི་ཟླ་སྔོན་མ་ལྔའི་ནང་ཐུ་ནི་ཞི་ཡཱའི་མཚོ་ཁོངས་་ནས་ལྐོག་འགྲོས་མཁན་གྱི་བེམ་པོ462རྙེད་ཡོད་ལ། དེའི་ནང་མང་ཆེ་བ་ནི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་གཞན་པ་ནས་ཡོང་བ་རེད།

ཐུ་ནི་ཞི་ཡཱ་ནི་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་བྱང་སྣེ་རུ་གནས་པ་དང་། དབྱི་ཐཱ་ལེ་སོགས་ཡོ་རོབ་གླིང་རྒྱལ་ཁབ་བར་ས་དཀྱིལ་མཚོ་ཁོངས་ཀྱིས་ཆོད་ཡོད། ཉེ་བའི་ལོ་འགའི་རིང་ལ། ཐུ་ནི་ཞི་ཡཱའི་ལྐོག་འགྲོས་མཁན་དབྱི་ཐཱ་ལེ་རུ་འགྲོ་བའི་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།