མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱིས་ཚེས12ཉིན་སྙན་ཞུ་སྤེལ་ཏེ། ན་ནིང་ཟླ10བའི་ཚུན་ལ་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བའི་ཚུན་ལ། ཕཱ་ལེ་སི་ཐན་གྱི་བཙན་བཟུང་ཐེབས་སའི་དཔལ་འབྱོར་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ཟེར།
སྙན་ཞུ་ལས་བཤད་རྒྱུར། དམག་དོན་འགུལ་སྐྱོད་དེ་ལས་དཔལ་འབྱོར་ལ་གཏོར་བརླག་ཐེབས་པའི་གཞི་རྒྱ་ཧ་ལས་པ་ཞིག་ཡིན་པ་དང་། དཔལ་འབྱོར་བྱ་འགུལ་ལ་ཉམས་རྒུད་ཆེན་པོ་བྱུང་ཡོད། ཅཱ་ཧྲ་ས་ཁུལ་གྱི་རྒྱལ་ནང་གི་སྤྱིའི་ཐོན་རིན་ན་ནིང་གི་དུས་ཚིགས་བཞི་བར་ཉམས་རྒུད་ཆེན་པོ་བྱུང་ནས་བརྒྱ་ཆའི་གྱ་གཅིག་མར་ཆག་ནས་བརྒྱ་ཆའི་ཉེར་གཉིས་ལ་བསླེབས་ཡོད། ད་ལོའི་ལོ་དཀྱིལ་བར་དུ་ཅཱ་ཧྲ་ས་ཁུལ་གྱི་རྒྱལ་ནང་གི་སྤྱིའི་ཐོན་རིན2022ལོའི་ཆུ་ཚད་ཀྱི་དྲུག་ཆའི་གཅིག་ཡང་མེད། ཅཱ་ཧྲ་ས་ཁུལ་གྱི་ལས་ཞུགས་གནས་བབ་ལྷག་ཏུ་ཛ་དྲག་ཆེ་བ་དང་། ད་ལོའི་ཟླ་དང་པོར། སྐོར་ཐེངས་འདིའི་འཁྲུག་རྩོད་འདི་མ་བྱུང་སྔོན་གྱི་སུམ་ཆའི་གཉིས་ཀྱི་བྱ་བའི་ལས་གནས་ཤོར་ཡོད་ཟེར།
སྙན་ཞུ་ལས་བཤད་རྒྱུར། དམག་དོན་འགུལ་སྐྱོད་ལས་མི་སྣར་ཤི་རྨས་བྱུང་བ་དང་། རང་ཁྱིམ་ཤོར་བར་མ་ཟད། རྨང་གཞིའི་སྒྲིག་ཆས་ལ་གཞི་རྒྱ་ཆེ་བའི་སྒོ་ནས་གཏོར་བརླག་ཐེབས་བཞིན་ཡོད། 2024ལོའི་ལོ་མགོར། ཅཱ་ཧྲ་ས་ཁུལ་དུ་བརྒྱ་ཆའི་བརྒྱད་ཅུ་ནས་བརྒྱ་ཆའི་གོ་དྲུག་གི་ཞིང་ལས་སྒྲིག་ཆས་ལ་གཏོར་བརླག་ཐེབས་པ་དང་། འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་པ་ཇེ་ཞན་དུ་སོང་སྟེ། སྔར་ལས་ལྷག་པའི་སྒོ་ནས་འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་སྔར་ལས་ཚབས་ཆེན་དུ་གྱུར་ཡོད།
སྙན་ཞུ་ལས་ནན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་ཕཱ་ལེ་སི་ཐན་གྱི་བཙན་བཟུང་ཐེབས་སར་ཡོངས་ཁྱབ་ཏུ་དབུལ་ཕོངས་སྣང་ཚུལ་ལྡན་པ་དང་། 2023ལོའི་ཟླ10བའི་སྔོན་ལ། ཅཱ་ཧྲ་ས་ཁུལ་གྱི་བརྒྱ་ཆའི་བརྒྱད་ཅུའི་མི་གྲངས་ཀྱིས་རྒྱལ་སྤྱིའི་རོགས་སྐྱོར་ལ་བརྟེན་བཞིན་ཡོད་པ་དང་། མིག་སྔར་དབུལ་ཕོངས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ཚང་མར་གནོད་པ་ཐེབས་ཡོད་ཟེར།
དེ་ལས་གཞན་ཕཱ་ལེ་སི་ཐན་སྲིད་གཞུང་གི་ནོར་སྲིད་གཏན་འཇགས་ཐད་གནོན་ཤུགས་ཆེན་པོ་བྱུང་ཡོད་ཅིང་། སྲིད་གཞུང་གི་ནོར་སྲིད་ཡོང་འབབ་དེ་རྒྱལ་ནང་གི་སྤྱིའི་ཐོན་རིན་ཉམས་ཞན་དུ་སོང་བ་དང་། དབྱི་སི་རལ་གྱིས་ཁྲལ་དངུལ་བསྡུས་པ། རྒྱལ་སྤྱིའི་རོགས་སྐྱོར་ཇེ་ཉུང་དུ་སོང་བ་བཅས་ལས་ཉམས་དམས་སུ་གྱུར་ཡོད།
སྙན་ཞུ་ལས་ཕཱ་ལེ་སི་ཐན་གྱི་བཙན་བཟུང་ཐེབས་སར་ཕྱོགས་ཡོངས་ཀྱི་སླར་གསོའི་འཆར་གཞི་གཏན་འབེབས་བྱས་ཤིང་། རྒྱལ་སྤྱིའི་རོགས་སྐྱོར་དང་རྒྱབ་སྐྱོར་ལ་ཤུགས་སྣོན་པ་དང་། བཀག་འཇོག་བྱས་པའི་ཡོང་འབབ་སྟེར་བ་དང་ཅཱ་ཧྲ་ས་ཁུལ་གྱི་བཀག་སྡོམ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།