ཅིན་ཀྲིན་ཨིན་གྱིས་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཧྲའོ་དབྱེ་ཀུའུ་ལ་ཐུག་འཕྲད་བྱས།
2024.09.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས14ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ལྷན་ཀྲང་ཅིན་ཀྲིན་ཨིན་གྱིས་ཚེས13ཉིན་འཚམས་འདྲིར་ཡོང་བའི་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཧྲའོ་དབྱེ་ཀུའུ་ལ་ཐུག་འཕྲད་བྱས་ཟེར།

བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཁྲའོ་ཞན་དང་ཨུ་རུ་སིའི་འཐབ་ཇུས་གྲོས་མོལ་ཇེ་ཟབ་ཏུ་གཏོང་བ་དང་རོགས་ལས་མཉམ་ལས་ལ་ཤུགས་སྣོན་བྱས་ནས། ཕན་ཚུན་གྱི་བདེ་འཇགས་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། དེ་མིན་ས་ཁུལ་དང་རྒྱལ་སྤྱིའི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱེད་རྒྱུ་མ་ཟད། གྲོས་བསྡུར་བྱེད་པའི་གནད་དོན་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་།

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་སོ་སོ་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། ཁྲའོ་ཞན་སྲིད་གཞུང་གིས་སྔར་བཞིན་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་གི་དགོངས་དོན་ལ་དམིགས་ཏེ། སྔར་ལས་ལྷག་པའི་སྒོ་གནས་ཨུ་རུ་སིའི་བར་གྱི་མཐུན་སྦྱོར་མཉམ་ལས་རྒྱ་བསྐྱེད་རྒྱུ་ཡིན་ཟེར།

ད་ལོའི་ཟླ6པར། ཅིན་ཀྲིན་ཨིན་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཕེན་རང་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་བཀོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།