ཝེ་ནེ་ཙུའེ་ལཱ་ཡིས་རྒྱལ་ཁབ་རང་གི་གཏན་འཇགས་ལ་གཏོར་བརླག་གཏོང་བའི་ཕྱི་རྒྱལ་གྱི་མི་སྣ་བཅུ་བཞི་འཛིན་བཟུང་བྱས།
2024.09.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཝེ་ནེ་ཙུའེ་ལཱའི་ནང་སྲིད་དང་ཁྲིམས་འཛིན། ཞི་བདེའི་པུའུ་ཡི་པུའུ་ཀྲང་ཁཱ་ཝེ་ལོས་ཀྱིས་ཚེས14ཉིན་ཝེ་ནེ་ཙུའེ་ལཱ་རྒྱལ་ནང་གི་གཏན་འཇགས་ལ་གཏོར་བརླག་གཏོང་་བའི་ཕྱི་རྒྱལ་གྱི་མི་བཅུ་བཞི་འཛིན་བཟུང་བྱས་པ་དང་། དེའི་ནང་ཨ་མེ་རི་ཁའི་མི་གཅིག་དང་སི་ཕེན་གྱི་མི་གཅིགཅེ་ཁིའི་མི་གཅིག་བསད་འདུས་ཟེར།

ཁཱ་ཝེ་ལོས་ཀྱིས་བཤད་རྒྱུར། འཛིན་བཟུང་བྱས་པའི་ཕྱི་རྒྱལ་གྱི་མིའི་གྲས་སུ་ཨ་མེ་རི་ཁའི་དམག་དཔུང་ལས་ཕྱིར་བུད་པའི་དམག་མི་གཅིག་ཡོད་པ་དང་། མི་དེ་སྔོན་ཆད་དབྱི་རག་དངང་ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་ལ་ཞུགས་མྱོང་ལ།ཝེ་ནེ་ཙུའེ་ལཱའི་ཟིང་འཁྲུག་ལས་འཆར་འགོད་བྱེད་པའི་འགན་ཁུར་ཡོད་པར་མ་ཟད། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་སོགས་ལྐོག་གསོད་བྱེད་པ་སོགས་ཀྱི་གཏོར་བརླག་འཆར་གཞི་གཏན་འབེབས་བྱས་མྱོང་། འཛིན་བཟུང་བྱས་པའི་སི་ཕེན་གྱི་མི་གཉིས་པོ་དེ་སི་ཕེན་རྒྱལ་ཁབ་གསང་འཕྲིན་ལྟེ་གནས་ཀྱི་མི་ཡིན་པ་དང་། འཛིན་བཟུང་བྱས་པའི་ཅེ་་ཁིའི་མི་དེ་ནི་གླས་དམག་ཅིག་རེད། ཝེ་ནེ་ཙུའེ་ལཱ་ཕྱོགས་ཀྱིས་མི་སྣ་གཞན་པ་དག་རྒྱལ་ཁབ་གང་གི་ཡིན་པ་གསལ་བོར་བསྒྲགས་མེད།

ཁཱ་ཝེ་ལོས་ཀྱིས་ད་རུང་བཤད་རྒྱུར། ཝེ་ནེ་ཙུའེ་ལཱའི་ཁྲིམས་བསྟར་སྡེ་ཁག་གིས་འགུལ་སྐྱོད་ཅིག་སྤེལ་སྐབས་ཨ་མེ་རི་ཁའི་མེ་མདའ་བཞི་བརྒྱ་ལྷག་རྩད་ཆོད་ཡོད་ལ། ཁོས་ཨ་མེ་རི་ཁའི་སྲིད་གཞུང་གིས་དོན་དེར་འགྲེལ་བཤད་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཞིག་གིས་ཨ་མེ་རི་ཁའི་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་མེ་རི་ཁའི་དམག་མིའི་ཁོངས་མི་ཞིག་ཝེ་ནེ་ཙུའེ་ལཱ་ནས་བཀག་སྐྱིལ་བྱས་ཡོད་པ་ཤེས་ཡོད་པ་དང་། བདེན་དཔང་ཐོབ་མེད་པའི་གནས་ཚུལ་ལྟར་ན་ཨ་མེ་རི་ཁའི་སྤྱི་དམངས་གཞན་པ་གཉིས་ཀྱང་ཝེ་ནེ་ཙུའེ་ལཱ་རུ་བཀག་སྐྱིལ་བྱས་ཡོད་པ་རེད་ཟེར། མགྲིན་ཚབ་པ་དེས་ཨ་མེ་རི་ཁ་མཱ་ཏུའུ་ལོ་སྲིད་དབང་རྩ་རྫོགས་བྱེད་པའི་ནང་ཞུགས་པའི་གཡོ་ཇུས་ཁས་ལེན་གཏན་ནས་བྱས་མེད།

སི་ཕེན་སྨྱན་བྱད་ཀྱིས་ཚེས་བཅོ་ལྔ་ཉིན་སྲིད་གཞུང་ནང་ཁུལ་གྱི་མི་སྣའི་སྐད་ཆ་དྲངས་ནས་བཤད་རྒྱུར། ཝེ་ནེ་ཙུའེ་ལཱ་ཕྱོགས་ཀྱིས་བཀག་སྐྱིལ་བྱས་པའི་སི་ཕེན་གྱི་མི་དེ་གཉིས་སི་ཕེན་རྒྱལ་ཁབ་གསང་འཕྲིན་ལྟེ་གནས་ཀྱི་མི་སྣ་མིན་ཟེར། སི་ཕེན་ཕྱི་འབྲེལ་པུའུ་ཡི་མི་སྣས་བཤད་རྒྱུར། ཝེ་ནེ་ཙུའེ་ལཱ་རུ་སྡོད་པའི་སི་ཕེན་གྱི་གཞུང་ཚབ་ཁང་གིས་ཝེ་ནེ་ཙུའེ་ལཱ་ལ་འབྲེལ་གཏུགས་བྱས་ཏེ། བཀག་སྐྱིལ་བྱས་པའི་མི་སྣར་ཐུག་ནས་དེ་དག་གི་ཐོབ་ཐང་དང་རྒྱལ་ཁབ་གང་གི་ཡིན་པར་དཔྱད་ཞིབ་གསལ་བོ་བྱེད་དགོས་པའི་རེ་བ་བཏོན། དེ་དག་གི་སྐྱོན་འཛུགས་ཉེས་མིང་ལ་རྒྱུས་ལོན་གསལ་བོ་བྱས་རྗེས། ཁོ་ཚོར་དགོས་ངེས་ཀྱི་རོགས་སྐྱོར་ཐོབ་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

ཅེ་ཁིའི་ཕྱི་འབྲེལ་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཞིག་གིས་ཚེས་བཅོ་ལྔ་ཉིན་ཅེ་ཁིའི་འཕྲིན་གཏོང་ཁང་ནས་བཤད་རྒྱུར། ཕྱི་འབྲེལ་པུའུ་ཡིས་ཅེ་ཁིའི་སྤྱི་དམངས་ཤིག་ཝེ་ནེ་ཙུའེ་ལཱ་ནས་བཀག་སྐྱིལ་བྱས་པ་ཁས་ལེན་བྱས་དང་། དོན་རྐྱེན་དེ་ཚབས་ཆེན་ཡིན་པའི་དབང་གིས་མིག་སྔར་སྔར་ལས་མང་བའི་གནས་ཚུལ་འདོན་སྤྲོད་བྱེད་མི་རུང་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།