དབྱི་སི་རལ་གྱིས་ཡེ་མིན་ཧུའུ་སེ་དྲག་ཆས་པས་རིན་དོད་ཆེན་པོ་གཏོང་དགོས་པའི་ཉེན་བརྡ་བཏང་།
2024.09.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚེས15ཉིན་དབྱི་སི་རལ་དབུས་ཕྱོགས་ས་ཁུལ་དུ་འཕུར་མདའ་གཏོང་འཕེན་བྱས་པ་དང་། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དྲག་ཆས་རྩ་འཛུགས་དེས་རིན་དོད་ཆེན་པོ་གཏོང་དགོས་པའི་ཉེན་བརྡ་བཏང་།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་ཞོགས་པར་ས་ངོས་ཀྱི་འཕུར་མདའ་ཞིག་ཡེ་མིན་ཕྱོགས་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་གཏོང་འཕེན་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གི་མཁའ་སྲུང་མ་ལག་གིས་བཀག་འགོག་བྱས་པ་རེད། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། འཕུར་མདའ་དེ་བར་སྣང་ནས་འགས་གཏོར་བྱུང་བ་རེད། འཇབ་རྒོལ་ལས་མི་སྣར་ཤི་རྨས་བཟོས་མེད་ཟེར།

བསྒྲགས་པ་ལྟར་ན།ཚེས་བཅོ་ལྔ་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་དང་སྐར་མ་སུམ་ཅུའི་ཡས་མས་སུ། ཐི་ལཱ་ཝེ་ཧྥུའུ་སོགས་དབྱི་སི་རལ་དབུས་ཕྱོགས་ཀྱི་གྲོང་ཁྱེར་སྐོར་ཞིག་ཏུ་མཁའ་སྲུང་ཉེན་བརྡ་གྲགས་བཞིན་ཡོད།

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་སྒྲའི་མྱུར་ཚད་ལས་བརྒལ་བའི་འཕུར་མདའ་ཞིག་གཏོང་འཕེན་བྱས་པ་དང་། དམིགས་འབེན་ནི་ཐི་ལཱ་ཝེ་ཧྥུའུ་ཡི་ཡཱ་ཧྥ་ས་ཁུལ་ཡིན་ཟེར། གསལ་སྒྲོག་ལས་བཤད་རྒྱུར། འཕུར་མདའ་དེ་དབྱི་སི་རལ་མངའ་ཁོངས་ཀྱི་དམག་དོན་དམིགས་འབེན་ཅིག་ལ་ཕོག་་ཡོད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ནེ་ཀིའི་གྲོས་ཚོགས་བསྡུས་ནས་བཤད་རྒྱུར། ང་ཚོར་འཇབ་རྒོལ་བྱེད་པའི་མི་སུ་ཡིན་ཡང་ཆད་གཅོད་ལས་ཐར་ཐབས་མེད་ཟེར། ཁོས་བཤད་རྒྱུར།ཧུའུ་སེ་དྲག་ཆས་པས་ཤེས་དགོས་པ་ཞིག་ནི། ང་ཚོར་གནོད་སྐྱེལ་རྩིས་བྱེད་པའི་བྱ་སྤྱོད་གང་ཡིན་ཡང་རིན་དོད་ཆེན་པོ་གཏོང་དགོས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།