ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཚེས17ཉིན་སྐབས་གསར་པའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མིང་འདོན་དེར་ཡོ་རོབ་གླིང་གྲོས་ཁང་གིས་གྲོས་ཞིབ་བྱས་ཏེ་ཆོག་མཆན་འགོད་དགོས།
ཧྥུན་ཏི་ལའེ་ཨིན་གྱིས་ཉིན་དེར་ཧྥ་རན་སིའི་སི་ཐི་ལཱ་སི་པའོ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་མི26གིས་གྲུབ་པའི་སྐབས་གསར་བའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་མིང་འདོན་མིང་ཐོ་ཁྱབ་བསྒྲགས་བྱས། དེའི་ནང་མི་དྲུག་གིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པའི་འགན་ཁུར་བར་མིང་འདོན་བྱས་ཡོད། སྐབས་སྔོན་མའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཁྲོད་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་གསུམ་མ་གཏོགས་མེད།
ཡོ་རོབ་གླིང་མནའ་འབྲེལ་གྱི་གཏན་འཁེལ་ལྟར་ན། ཡོ་རོབ་གླིང་གྲོས་ཁང་གིས་མིང་འདོན་མི་སྣ་ཉེར་དྲུག་པོར་སོ་སོར་གྲོས་ཞིབ་བྱེད་དགོས་པ་དང་། མི་སྣ་ཚང་མར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས། སྐབས་གསར་པའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ད་གཟོད་དངོས་སུ་ལས་འགན་ཁུར་ཐུབ། གལ་ཏེ་གྲོས་ཁང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་མ་བྱུང་ན། འབྲེལ་ཡོད་ཀྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཡང་བསྐྱར་འདེམ་མི་མིང་འདོན་བྱེད་དགོས་པ་རེད།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཡོ་རོབ་གླིང་མནའ་འབྲེལ་གྱི་སྲིད་འཛིན་ལས་ཁུངས་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ལས་ཁུངས་སོ་སོའི་ཁྲོད་བཅའ་ཁྲིམས་འཆར་ཟིན་འདོན་པའི་དབང་ཆ་ཡོད་པའི་ལས་ཁུངས་གཅིག་པུ་ཡིན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་སྲིད་གཞུང་གི་མགོ་གཙོ་ལྟ་བུ་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཐབས་ཇུས་ལ་ཤུགས་རྐྱེན་གལ་ཆེན་ལྡན་པ་ཡིན།
བསོད་ནམས་ཚེ་རིང་གིས་བསྒྱུར།