ཨར་ཅི་རི་ཡཱའི་ཙུང་ཐུང་ཐི་པིན་གྱིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
2024.09.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ཨར་ཅི་རི་ཡཱའི་ཙུང་ཐུང་ཐི་པིན་གྱིས་ཚེས17ཉིན་རྒྱལ་ས་ཨར་ཅིར་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། ཙུང་ཐུང་གི་འགན་ཡུན་ཐེངས་གཉིས་པ་མགོ་བརྩམས།

ཐི་པིན་གྱིས་ལས་འགན་ཁུར་བའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། རྒྱལ་ཡོངས་ཀྱི་སྟོབས་ཤུགས་སོ་སོའི་བར་གྲོས་མོལ་རྒྱ་ཆེར་བྱས་ནས། ཁྱབ་ཁོངས་སོ་སོ་ནས་ཨར་ཅི་རི་ཡཱའི་མ་འོངས་པའི་འཕེལ་རྒྱས་ཐད་ལམ་ཐིག་རི་མོ་གཏན་འབེབས་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། ཨར་ཅི་རི་ཡཱའི་མིག་སྔའི་གཏན་འཇགས་ཀྱི་ཆབ་སྲིད་གནས་བབ་དང་ནོར་སྲིད་ཐོན་ཁུངས་ལས་འགུག་ཤུགས་ལྡན་པའི་དངུལ་གཏོང་བྱེད་སར་གྱུར་ཡོད་ཟེར།

ཐི་པིན་གྱིས་འགྲན་རྩོད་བྱེད་སྐབས་ཀྱི་དམ་བཅའ་ལག་བསྟར་བྱེད་རྒྱུ་བསྐྱར་སྒྲོག་བྱས། ཧུར་ཐག་སྒོས་གྲོ་དང་མ་རྨོས་ལོ་ཏོག་སོགས་ཞིང་ལས་ལོ་ཏོག་གིས་རང་ཁ་རང་གསོ་ཐུབ་པ་མངོན་འགྱུར་བྱེད་རྒྱུ་དང་། ཤུགས་ཆེན་པོས་བཟོ་ལས་འཕེལ་རྒྱས་སུ་བཏང་ནས་བཟོ་ལས་སྡེ་ཁག་གི་རྒྱལ་དམངས་ཡོང་འབབ་ཐད་ཀྱི་བྱས་རྗེས་འཇོག་ཚད་ཇེ་མཐོར་བཏང་སྟེ། ཨར་ཅི་རི་ཡཱ་དེ་བཟོ་ལས་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར།

ཨར་ཅི་རི་ཡཱ་ཡིས་ཟླ་འདིའི་ཚེས7ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ཨར་ཅི་རི་ཡཱའི་རྩ་ཁྲིམས་ཁྲིམས་ཁང་གིས་ཚེས14ཉིན་ཁྱབ་བསྒྲགས་བྱས་པའི་ཙུང་ཐུང་འདེམ་བསྐོའི་མཇུག་མཐའི་མཇུག་འབྲས་ལྟར་ན། ཐི་པིན་ལ་བརྒྱ་ཆའི་གྱ་བཞི་དང་གྲངས་ཆུང་གསུམ་གྱི་འདེམ་ཤོག་ཐོབ་ནས་རྒྱལ་ཁ་ཐོབ་པ་དང་། བསྟུད་འགན་ཁུར་ཐུབ་པ་བྱུང་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།