ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཅཱ་ཧྲའི་འཁྲུག་རྩོད་མཚམས་འཇོག་པའི་བར་འདུམ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་པའི་ཚུལ་བསྟན།
2024.09.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཨན་སཱ་ལི་ཡིས་ཚེས17ཉིན་བཤད་རྒྱུར། ཕྱོགས་སོ་སོས་ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་བར་དམིགས་པའི་བར་འདུམ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། འབྲེལ་འདྲིས་ཐབས་ལམ་ལ་བཀག་འགོག་ཐེབས་མེད་ཟེར།

ཨན་སཱ་ལི་ཡིས་ཉིན་དེར་གཟའ་འཁོར་རེའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། བར་འདུམ་བྱེད་མཁན་ཡིན་པའི་ཆ་ནས། ཁཱ་ཐར་གྱི་དམིགས་འབེན་གཙོ་བོ་ནི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ལ་ཚོད་འཛིན་བྱས་ཏེ་འཁྲུག་རྩོད་དེ་ས་ཁུལ་གཞན་དུ་རྒྱ་ཡན་ལ་འགྲོ་བར་སྔོན་འགོག་བྱེད་ཆེད་ཡིན། ང་ཚོས་སྔར་བཞིན་རེ་བ་བྱེད་བཞིན་ཡོད་པ་དང་ང་ཚོས་མུ་མཐུད་དུ་བར་འདུམ་བྱེད་ངེས་ཡིན་ཟེར།

ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་བྱུང་ནས་ཟླ་ངོ11འགོར་ཡོད་པ་དང་། ཁཱ་ཐར་དང་ཨེ་ཅིབ། ཨ་མེ་རི་ཁ་སོགས་ཀྱི་བར་འདུམ་ལས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་དུས་གཏན་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་དུ་འཇུག་ཐུབ་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།