ཧི་ལན་གྱི་འགེབས་སྲུང་དང་གནས་སྤོར་སྡོད་དམངས་ཀྱི་བློན་ཆེན་ཧྥ་པེ་ཨར་གྱིས་ཚེས18ཉིན་བཤད་རྒྱུར། ཁོ་མོས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་ལ་འཕྲིན་ཡིག་བསྐུར་ནས། ཧི་ལན་མ་འོངས་པར་ཡོ་རོབ་གླིང་མནའ་འབྲེལ་གྱི་གནས་སྤོར་སྡོད་དམངས་དང་ཡུལ་གྱར་བའི་འགེབས་སྲུང་སྒྲིག་སྲོལ་ལ་ཕྱིར་འབུད་རྒྱུའི་རེ་བ་དངོས་སུ་བཏོན།
ཧྥ་པེ་ཨར་གྱིས་འཕྲིན་ཡིག་ནང་བཤད་རྒྱུར། སྐབས་འདིའི་ཧི་ལན་སྲིད་གཞུང་གི་དམིགས་ཡུལ་ནི་གནས་སྤོར་སྡོད་དམངས་ཀྱི་ཁ་གྲངས་ལྡབ་འགྱུར་གྱིས་ཇེ་ཉུང་དུ་བཏང་སྟེ། མུ་མཐུད་དུ་སྤྱི་བའི་སྡོད་ཁང་དང་སྨན་བཅོས། སློབ་གསོ་སོགས་ཐད་ཀྱི་རྩ་ཁྲིམས་འགན་འཁྲི་ལག་བསྟར་བྱེད་རྒྱུ་དེ་ཡིན། དམིགས་ཡུལ་དེ་མངོན་འགྱུར་བྱེད་པར་འགན་སྲུང་བྱེད་ཆེད། ཧི་ལན་སྲིད་གཞུང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་འབྲེལ་ཡོད་ཆིངས་ཡིག་བཟོ་བཅོས་བྱེད་པའི་སྐབས་སུ། ཡོ་རོབ་གླིང་མནའ་འབྲེལ་གྱི་གནས་སྤོར་སྡོད་དམངས་དང་ཡུལ་གྱར་བའི་འགེབས་སྲུང་སྒྲིག་སྲོལ་ལས་ཕྱིར་འབུད་རྒྱུ་གདམ་གསེས་བྱས་པ་ཡིན་ཟེར།
ཧྥ་པེ་ཨར་གྱིས་ད་རུང་ནན་གྱིས་བསྟན་དོན། སྒྲིག་སྲོལ་དེ་ལས་ཕྱིར་འབུད་པའི་དབང་ཆ་མ་ཐོབ་ན། ཧི་ལན་གྱིས་ཡོ་རོབ་གླིང་གི་གནས་སྤོར་སྡོད་དམངས་དང་ཡུལ་གྱར་བའི་འགེབས་སྲུང་ཆིངས་ཡིག་མྱུར་མོར་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དེ་ནི་ཡོ་རོབ་གླིང་གིས་གནས་སྤོར་སྡོད་དམངས་ལ་ཚོད་འཛིན་དང་གནས་སྤོར་སྡོད་དམངས་ཧི་ལན་དུ་ཡོང་བར་ཚོད་འཛིན་བྱེད་པའི་གནད་འགག་ཡིན་པར་འདོད།
རྒྱུས་ལོན་བྱུང་བ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་ཉིན་དེར་ཧྥ་པེ་ཨར་གྱི་འཕྲིན་ཡིག་འབྱོར་ཡོད་པའི་ཚུལ་བསྟན་པ་དང་། ཞོར་དུ་ནན་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་ཡོད་ཆིངས་ཡིག་བཟོ་བཅོས་མ་བྱས་གོང་། ཡོ་རོབ་གླིང་མནའ་འབྲེལ་གྱི་གནས་སྤོར་སྡོད་དམངས་དང་ཡུལ་གྱར་བའི་འགེབས་སྲུང་སྒྲིག་སྲོལ་དེས་ཧི་ལན་ལ་ཚོད་འཛིན་ནུས་པ་ཐོན་ཡོད་ལ། འབྲེལ་ཡོད་ཆིངས་ཡིག་དེ་ཚོད་དཔག་བྱས་ན་དུས་ཡུན་ཐུང་ངུའི་ནང་བཅོས་བསྒྱུར་བྱེད་མི་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།