ཁྲའོ་ཞན་གྱིས་རྣམ་པ་གསར་བའི་འཐབ་རྩལ་འཕུར་མདའ་དང་བཅོས་བསྒྱུར་བྱས་པའི་འཐབ་ཇུས་སྐོར་འདེད་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས།
2024.09.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས19ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱིས་ཚེས18ཉིན་རྣམ་པ་གསར་བའི་འཐབ་རྩལ་འཕུར་མདའ་དང་བཅོས་བསྒྱུར་བྱས་པའི་འཐབ་ཇུས་སྐོར་འདེད་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས་པར་ལེགས་འགྲུབ་བྱུང་བ་དང་། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་གཏོང་འཕེན་ཚོད་ལྟའི་བྱ་འགུལ་ལ་མཛུབ་སྟོན་བྱས་པར་མ་ཟད་རང་སྲུང་དམག་དོན་སྟོབས་ཤུགས་ལ་ཤུགས་སྣོན་དགོས་པའི་རེ་བ་བཏོན།

བསྒྲགས་པ་ལྟར་ན། ཉིན་དེར་རྣམ་པ་གསར་བའི་འཐབ་རྩལ་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས་པའི་དམིགས་ཡུལ་ནི་མདེལ་མགོ་ཆེན་མོ་སྒྲིག་སྦྱོར་བྱས་པའི་འཕུར་མདའི་སྤྱི་ལེ320འབྲིང་འཕེན་གཏོང་འཕེན་གྱི་དམིགས་འབེན་ལ་ཕོག་ཚད་དང་མདེལ་མགོ་ཆེན་མོའི་འགས་གཏོར་གྱི་ཤུགས་ཚད་ལ་ཞིབ་བཤེར་བྱེད་ཆེད་རེད། དེ་ལས་གཞན་ཁྲའོ་ཞན་ཕྱོགས་ཀྱིས་ད་རུང་འཐབ་འཁྲུག་བེད་སྤྱོད་དམིགས་ཡུལ་གཞིར་བཟུང་བའི་བྱེད་ནུས་མཐོར་འདེགས་བཏང་བའི་འཐབ་ཇུས་སྐོར་འདེད་འཕུར་མདའ་ཞིག་ཀྱང་གཏོང་འཕེན་ཚོད་ལྟ་བྱས།

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་རང་སྲུང་དམག་དཔུང་གི་སྟོབས་ཤུགས་ལ་ཤུགས་སྣོན་པ་ནི་ཁྲའོ་ཞན་གྱི་ལས་འགན་གཙོ་བོ་ཡིན་པ་ནན་བཤད་བྱས་པ་དང་། རྒྱུན་ཆད་མེད་པར་ཉིང་རྡུལ་མཚོན་ཆའི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བའི་ཞོར་དུ་རྒྱུན་ལྡན་གྱི་མཚོན་ཆའི་ཐད་ནས་ཀྱང་འཛམ་གླིང་སྟེང་ཆེས་བཟང་བའི་དམག་དོན་ལག་རྩལ་སྟོབས་ཤུགས་དང་དཔུང་འཇུག་ནུས་པ་ལྡན་པར་བྱེད་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།