ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཨེ་ཅིབ་ཀྱིས་ལཱ་ཧྥ་རྒྱུ་ལམ་གྱི་སྔར་ཡོད་འཁོར་སྐྱོད་སྒྲིག་སྲོལ་བསྒྱུར་བ་དང་ལེན་མི་བྱེད་པའི་ཚུལ་བསྟན།
2024.09.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཨེ་ཅིབ་ཀྱི་ཕྱི་འབྲེལ་དང་གནས་སྤོར་སྡོད་དམངས་ཀྱི་པུའུ་ཀྲང་ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་ཚེས18ཉིན་བསྐྱར་སྒྲོག་བྱས་དོན། ཨེ་ཅིབ་ཀྱིས་ལཱ་ཧྥ་རྒྱུ་ལམ་གྱི་ཕཱ་ལེ་སི་ཐན་ཕྱོགས་སུ་ན་ནིང་ཟླ10བའི་ཚེས7ཉིན་གྱི་ཡར་སྔོན་ལག་བསྟར་བྱེད་པའི་འཁོར་སྐྱོད་སྒྲིག་སྲོལ་དེ་བཅོས་བསྒྱུར་བྱེད་པ་དང་ལེན་བྱེད་མི་སྲིད་ཟེར།

ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་མཉམ་དུ་ཁེ་རོ་ནས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས། ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨེ་ཅིབ་ཀྱིས་ལཱ་ཧྥ་རྒྱུ་ལམ་ཀྱི་ཕཱ་ལེ་སི་ཐན་ཕྱོགས་དང་ཧྥེ་ཁྲིན་བར་ཁྱམས་སུ་དམག་དོན་སྟོབས་ཤུགས་གང་རུང་བཀོད་སྒྲིག་བྱེད་པ་དང་ལེན་བྱེད་མི་སྲིད་ཟེར།

ཨ་པུའུ་ཏུའུ་ལེ་ཨ་ཐིས་དང་པུའུ་ལིན་ཁུན་གཉིས་ཀྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པ་ནི་ས་ཁུལ་གྱི་གཏན་འཇགས་ལ་འགན་སྲུང་བྱེད་པའི་བྱེད་ཐབས་ཆེས་བཟང་བོ་ཡིན་པ་དང་། འཁྲུག་རྩོད་མཚམས་འཇོག་པའི་འབྲེལ་ཡོད་གྲོས་མཐུན་ལས་གནད་དོན་གལ་ཆེན་རེ་འགའ་སྔར་བཞིན་ཐག་གཅོད་བྱས་མེད་པ་དང་། གནད་དོན་དེ་དག་ཐག་གཅོད་བྱེད་པར་ཆབ་སྲིད་ཀྱི་རེ་འདུན་མཁོ་བ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།