མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་བྲེལ་མྱུར་དམིགས་བསལ་གྲོས་ཚོགས་ཐེངས་བཅུ་བ་ནས་ཚེས18ཉིན་མང་ཆེ་བ་ཡིད་འཐད་བྱུང་སྟེ་གྲོས་ཆོད་བཀོད་པ་དང་། དབྱི་སི་རལ་གྱིས་མ་འོངས་པའི་ཟླ་ངོ12ནང་ཕཱ་ལེ་སི་ཐན་མངའ་ཁོངས་ཀྱི་ཁྲིམས་འགལ་བཙན་བཟུང་མཚམས་འཇོག་དགོས་པའི་རེ་བ་བཏོན།
ཉིན་དེའི་བརྡས་གཅོད་མཇུག་འབྲས་ནི་འདེམ་ཤོག་བརྒྱ་དང་ཉེར་བཞི་འཐད་པ་བྱུང་བ་དང་། འདེམ་ཤོག་བཅུ་བཞི་ཡིས་ངོ་རྒོལ་བྱས་ལ། འདེམ་ཤོག་ཞེ་གསུམ་གྱིས་དབང་ཆ་བསྐྱུར་ཡོད། གྲོས་ཆོད་ལས་དབྱི་སི་རལ་གྱིས་གྲོས་ཆོད་དེར་གྲོས་མཐུན་བཀོད་རྗེས་ཀྱི་ཟླ་ངོ12ནང་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་ཁྲིམས་འགལ་བཙན་བཟུང་བྱེད་པ་མཚམས་འཇོག་དགོས་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་ཁུར་དུ་ལེན་དགོས་པའི་བཅའ་ཁྲིམས་འོས་འགན་དུས་ལྟར་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན། གྲོས་ཆོད་ལས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་བཙན་བཟུང་བྱས་པའི་ས་ཁོངས་ནས་དམག་དོན་སྟོབས་ཤུགས་ཚང་མ་ཕྱིར་འཐེན་བྱེད་དགོས་པ་དང་། ཁྲིམས་འགལ་གྱི་སྲིད་ཇུས་དང་འགུལ་སྐྱོད་མཚམས་འཇོག་དགོས། དེའི་ནང་གཏན་སྡོད་ས་ཁུལ་གསར་བའི་འགུལ་སྐྱོད་ཚང་མ་མཚམས་འཇོག་དགོས་ལ། ཕཱ་ལེ་སི་ཐན་གྱི་མངའ་ཁོངས་ཀྱི་གཏན་སྡོད་མཁན་ཚང་མ་ཕྱིར་འཐེན་བྱེད་དགོས་པར་མ་ཟད། ཕཱ་ལེ་སི་ཐན་ལ་ས་ཞིང་དང་གཏན་འཇགས་རྒྱུ་ནོར་གཞན་པ་ཕྱིར་སྤྲོད་དགོས་པ་དང་། བཙན་བཟུང་སྐབས་སུ་ཡུལ་འཁྱམས་བྱས་པའི་ཕཱ་ལེ་སི་ཐན་གྱི་མི་ཚང་མ་ཕྱིར་རང་ཡུལ་ལ་ལོག་ཏུ་འཇུག་དགོས་པའི་རེ་བ་བཏོན།
གྲོས་ཆོད་ལས་ད་རུང་རྒྱལ་ཁབ་ཚང་མས་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་ཁུར་དུ་ལེན་དགོས་པའི་འོས་འགན་དང་། ཁྱད་པར་དུ་རྒྱལ་སྤྱིའི་ཁྲིམས་ཁང་གིས་གཏན་འཁེལ་བྱས་པའི་འོས་འགན་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་། དེའི་ནང་མཉམ་འབྲེལ་དང་སྒེར་ཚུགས་ཀྱི་འགུལ་སྐྱོད་སྤེལ་བ་སྟེ། ཕཱ་ལེ་སི་ཐན་མི་དམངས་ཀྱིས་རང་ཐག་གཅོད་པའི་དབང་ཆ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་སོགས་འདུས།
གྲོས་ཆོད་འཆར་ཟིན་དེ་ནི་ཕཱ་ལེ་སི་ཐན་གྱིས་བཏོན་པ་ཡིན་ཞིང་། རྒྱལ་ཁབ་ཉི་ཤུ་ལྷག་གིས་མཉམ་དུ་སྤེལ་བ་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཕཱ་ལེ་སི་ཐན་གྱི་ལྟ་ཞིབ་པ་ལི་ཡཱ་ཏི་མན་སུའུ་ཨར་གྱིས་ཚེས17ཉིན་གྲོས་ཆོད་འཆར་ཟིན་དེ་མཚམས་སྦྱོར་བྱེད་སྐབས་བཤད་རྒྱུར། འཆར་ཟིན་དེས་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་ཡོད་པ་དང་། འགན་འཁྲི་རྩད་གཅོད་དང་དྲང་བདེན་མངོན་འགྱུར་བྱེད་པའི་གཞི་རྩའི་ཐབས་ལམ་འཚོལ་ཞིབ་བྱས་ཡོད་ཟེར། ཁོས1967ལོའི་རྒྱལ་མཚམས་རྨང་གཞིར་བྱས་ཤིང་། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།