ཡོ་རོབ་གླིང་མན་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཚེས19ཉིན་གྱི་དགོང་མོར་ཕོ་ལན་ལྷོ་ནུབ་ཕྱོགས་ཀྱི་ཧྥོ་ལོ་ཚི་ཝ་ཧྥུའུ་གྲོང་ཁྱེར་ནས་ཁྱབ་བསྒྲགས་བྱས་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐེབས་རྩའི་ཁྲོད་ནས་ཡོ་སྒོར་ཐེར་ཆེན་གཅིག་བཏང་སྟེ། ཕོ་ལན་སོགས་ཆུ་ལོག་གི་གནོད་འཚེ་ཐེབས་པའི་ཡོ་རོབ་གླིང་དབུས་ཤར་གྱི་རྒྱལ་ཁབ་དག་ལ་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།
ཧྥུན་ཏི་ལའེ་ཨིན་གྱིས་ཉིན་དེར་ཕོ་ལན་གྱི་ཆུ་ལོག་གི་གནོད་འཚེ་ཐེབས་པའི་ས་ཁུལ་དུ་རྟོག་ཞིབ་བྱས་པ་དང་། ཕོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་དང་ཅེ་ཁེའི་ཙུང་ཐུང་ཧྥེ་ཡཱ་ལཱ། སི་ལོ་ཝ་ཁིའི་ཙུང་ལི་ཧྥེ་ཙོ། དེ་མིན་ཨོ་སི་ཁྲུ་རི་ཡཱའི་ཙུང་ལི་ནེ་ཧཱ་མའོ་བཅས་དང་མཉམ་དུ་ཧྥོ་ལོ་ཚི་ཝ་ཧྥུའུ་ནས་ཆུ་ལོག་གི་གནོད་འཚེ་ཐག་གཅོད་བྱེད་པའི་འབྲེལ་ཡོད་གྲོས་ཚོགས་ལ་ཞུགས།
ཧྥུན་ཏི་ལའེ་ཨིན་གྱིས་ཚོགས་འདུ་གྲོལ་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དག་གིས་ངེས་པར་དུ་མཐུན་སྒྲིལ་གཅིག་གྱུར་བྱས་ནས་རང་བྱུང་གནོད་འཚེའི་འགྲན་རྩོད་ཐག་གཅོད་བྱེད་དགོས། དམིགས་བསལ་གྱི་དུས་སྐབས་སུ་བྱེད་ཐབས་དམིགས་བསལ་བ་མཁོ་བ་ཡིན། ཐེངས་འདིའི་ཆུ་ལོག་གི་གནོད་འཚེ་ཐེབས་པའི་རྒྱལ་ཁབ་དག་གིས་ཡོ་སྒོར་ཐེར་ཆེན་གཅིག་གི་ཐེབས་རྩ་བཀོལ་ཆོག་ཟེར། དེ་ལས་གཞན་ཁོ་མོས་ཡོ་རོབ་གླིང་མནའ་འབྲེལ་གྱིས་མཐུན་སྒྲིལ་ཐེབས་རྩའི་མ་དངུལ་བཀོལ་ནས་རྒྱལ་ཁབ་དེ་དག་གི་གནོད་ཐེབས་ས་ཁུལ་གྱི་བསྐྱར་འཛུགས་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་བྱས།
ཐུའུ་སི་ཁི་ཡིས་ཧྥུན་ཏི་ལའེ་ཨིན་དང་གྲོས་མོལ་བྱས་རྗེས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་ཕོ་ལན་སྲིད་གཞུང་། ས་གནས་སྲིད་གཞུང་བཅས་ཀྱི་མ་དངུལ་ལེགས་སྒྲིག་བྱས་ཏེ། ཕོ་ལན་གྱིས་ཆུ་ལོག་གི་གནོད་འཚེ་ཐེབས་པའི་ས་ཁུལ་གྱི་བསྐྱར་འཛུགས་འཆར་གཞི་ཞིག་བཏོན་ནས། ཤུགས་ཆེན་པོས་གནོད་ཐེབས་མང་ཚོགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
ཡོ་རོབ་གླིང་དབུས་ཤར་གྱི་ས་ཁུལ་མང་བོར་བསྟུད་མར་ཉིན་འགའི་རིང་ལ་ཆར་བ་དྲག་པོ་བབས་ནས། ས་ཁུལ་སྐོར་ཞིག་ལ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། ཉུང་མཐར་ཡང་མི24རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཕོ་ལན་དུ་མི7རྐྱེན་ལམ་དུ་ཤོར། ཆར་བ་དྲག་པོའི་ཤུགས་རྐྱེན་ལས་ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོར་བཞུར་བའི་ཏའོ་ནོའུ་ཆུ་བོ་ཆེས་ཆེར་རྒྱས་པ་དང་། དེའི་བཞུར་བརྒྱུད་ས་ཁུལ་གྱི་ཆུ་ལོག་སྔོན་འགོག་གི་གནས་བབ་ཛ་དྲག་ཏུ་གྱུར་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།