ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པ་ནཱ་སི་ལུའུ་ལཱ་ཡིས་ཚེས19ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། དབྱི་སི་རལ་ལ་ལེ་པཱ་ནུན་གྱི་འཕྲིན་གཏོང་སྒྲིག་ཆས་ལ་འགས་གཏོར་ཐེབས་པའི་མི་སྣ་མང་བོར་ཤི་རྨས་ཐེབས་པའི་དབང་གིས་དྲང་བདེན་གྱི་ཆད་གཅོད་ཐེབས་ངེས་ཡིན་ཟེར།
ནཱ་སི་ལུའུ་ལཱ་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་ཚེས17ཉིན་དང་ཚེས18ཉིན་འཛེམ་དོགས་ཅི་ཡང་མེད་པའི་སྒོ་ནས་དུས་མཉམ་དུ་ལེ་པཱ་ནུན་གྱི་འབོད་གཏོང་སྒྲིག་ཆས་མང་བོར་འགས་གཏོར་བཏང་། འགས་གཏོར་མང་བོ་ཞིག་སྨན་ཁང་དང་སྨན་རྫས་འཚོང་ས། ཚོང་ར་སོགས་མི་སེར་དཀྱུས་མ་འདུས་སྡོད་བྱེད་ས་ནས་བྱུང་བ་རེད། བྱ་སྤྱོད་དེ་སྒྲིག་སྲོལ་དང་མ་མཐའི་ཚད་ཐིག བཅའ་ཁྲིམས་བཅས་ལ་འགལ་ཡོད་ཅིང་། དེ་ནི་ལེ་པཱ་ནུན་རྒྱལ་ཁབ་དང་མི་དམངས། ངོ་རྒོལ་འགུལ་སྐྱོད། བདག་དབང་། བདེ་འཇགས་བཅས་ཐད་ཀྱི་འཇབ་རྒོལ་ཆེན་མོ་ཞིག་ཡིན་ལ། འཐབ་འཁྲུག་གི་ཉེས་པ་དང་འཐབ་འཁྲུག་སློང་བའི་སྣང་ཚུལ་ཞིག་ཟེར།
ནཱ་སི་ལུའུ་ལཱ་ཡིས་བསྟན་དོན། ཀྲིན་ཀྲུའུ་ཏང་དེའི་དབང་གིས་ཕམ་ཉེས་སུ་འགྲོ་མི་སྲིད་པ་དང་། དབྱི་སི་རལ་ལ་རྩིས་གསལ་བོ་བརྒྱབ་ནས་དྲང་བདེན་གྱི་ཆད་གཅོད་བྱེད་ངེས་ཡིན། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་བཙན་འཛུལ་མཚམས་འཇོག་རག་བར་དུ་ཀྲིན་ཀྲུའུ་ཏང་གིས་འཐབ་འཁྲུག་མཚམས་འཇོག་མི་སྲིད་ཟེར།
ནཱ་སི་ལུའུ་ལཱ་ཡིས་བཤད་རྒྱུར། ཀྲིན་ཀྲུའུ་ཏང་གིས་བདེ་འཇགས་དང་ལག་རྩལ་རྟོག་ཞིབ་ཨུ་ཡོན་ལྷན་ཁང་འགའ་བཙུགས་ནས། འགས་གཏོར་བྱུང་བའི་འཕྲིན་གཏོང་སྒྲིག་ཆས་ཀྱི་ཉོ་སྡུད་དང་ཐོན་སྐྱེད། སྐྱེལ་འདྲེན། བགོ་བཤའ་སོགས་ཀྱི་ལས་རིམ་ལ་རྟོག་ཞིབ་བྱས་ཏེ་འབྱུང་སྲིད་པའི་སྣང་ཚུལ་གང་རུང་ལ་ཞིབ་འཇུག་བྱེད་བཞིན་ཡོད་ཟེར།
ནཱ་སི་ལུའུ་ལཱ་ཡིས་གཏམ་བཤད་སྤེལ་སྐབས། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུ་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་བར་སྣང་ནས་འཕུར་ཏེ་འགས་གཏོར་གྱི་སྒྲ་བྱུང་བ་དང་། པེ་རུ་ཐི་རུ་འགས་གཏོར་གྱི་སྒྲ་ཆེན་པོ་འགའ་བྱུང་བ་རེད་ཟེར།
ལེ་པཱ་ནུན་གྱི་སྤྱི་བའི་འཕྲོད་བསྟེན་པུའུ་ཀྲང་ཨ་པུའུ་ཡཱ་ཏི་ཡིས་ཚེས19ཉིན་ལེ་པཱ་ནུན་ནས་བྱུང་བའི་འཕྲིན་གཏོང་སྒྲིག་ཆས་འགས་གཏོར་དོན་རྐྱེན་དེ་ལས་མི37རྐྱེན་ལམ་དུ་ཤོར་བ་དང་། མི2931ལ་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།