དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས19ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་མཁའ་དམག་གི་འཐབ་འཛིང་གནམ་གྲུས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཀྲིན་ཀྲུའུ་ཏང་གི་དམག་དོན་རྨང་གཞིའི་སྒྲིག་ཆས་མང་བོར་འཇབ་རྒོལ་བྱས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ད་རུང་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཀྲིན་ཀྲུའུ་ཏང་གི་རྨང་གཞིའི་སྒྲིག་ཆས་དང་མཚོན་ཆའི་མཛོད་ཁང་སོགས་ལ་འཇབ་རྒོལ་བྱས་པ་དང་། ནཱ་ཀུའུ་ལཱ་ས་ཁུལ་དུའང་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་བྱས་ཟེར།
དབྱི་སི་རལ་སྲིད་གཞུང་གི་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅཱ་ལན་ཐི་ཡིས་ཉིན་དེར་བྱང་ཕྱོགས་འཐབ་ཕྱོགས་ཀྱི་འཐབ་འཁྲུག་གནས་ཚུལ་སྐོར་གྱི་གྲོས་ཚོགས་སྟེང་བཤད་རྒྱུར། དབྱི་སི་རལ་གྱིས་མུ་མཐུད་དུ་དམག་དོན་འགུལ་སྐྱོད་སྤེལ་ནས། བྱང་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་དབང་གིས་ཡུལ་འཁྱམས་བྱས་པའི་སྡོད་དམངས་དག་ཕྱིར་རང་ཁྱིམ་དུ་ལོག་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་བར་འཐབ་འཁྲུག་བྱེད་པའི་ཞོར་དུ་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་དུ་བཀག་འཇུག་བྱས་པའི་མི་སྣ་ཕྱིར་གཏོང་བར་འགན་སྲུང་བྱས་ཏེ། ཧཱ་མཱ་སི་རྩ་མེད་དུ་གཏོང་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།