དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་དམག་དོན་འགུལ་སྐྱོད་སྤེལ་ནས་མི10ལྷག་རྐྱེན་ལམ་དུ་ཤོར།
2024.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཕཱ་ལེ་སི་ཐན་གྱི་འཕྲིན་གཏོང་ཁང་གིས་ཚེས19ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་སོ་སོར་ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་ནས། བསྡོམས་པས་མི10ལྷག་རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ། དབྱི་སི་རལ་གྱི་དམག་དཔུང་གིས་ཅེ་པཱ་ལེ་ཡེ་ས་ཁུལ་གྱི་སྡོད་ཁང་ཞིག་ལ་འགས་གཏོར་བཏང་སྟེ། མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་སྡོད་དམངས་འདུས་སྡོད་ཁུལ་ཞིག་ལ་འགས་གཏོར་བཏང་ནས་མི་ལྔ་རྐྱེན་ལམ་དུ་ཤོར། ཅཱ་ཧྲའི་དབུས་ཕྱོགས་ས་ཁུལ་ནས་དབྱི་སི་རལ་གྱི་དམག་དཔུང་གིས་ནོའུ་སེ་ལའེ་ཐི་ཡུལ་གྱུར་བའི་སྒར་སར་འགས་གཏོར་བཏང་ནས། མི་མང་བོར་རྨས་ཕོག་པ་དང་། རྨས་མ་མང་ཆེ་བ་བྱིས་པ་རེད། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་རུ་བར་སྣང་འཇབ་རྒོལ་བྱས་ནས་མི་སྣར་ཤི་རྨས་བཟོས་ཡོད་ཟེར།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས19ཉིན་ད་རུང་ཅོར་ཏན་གཙང་བོའི་ནུབ་འགྲམ་བྱང་ངོས་ཀྱི་ཁཱ་པཱ་ཐིས་ཡཱ་གྲོང་རྡལ་དུ་དམག་དོན་འགུལ་སྐྱོད་སྤེལ་ནས། ཕཱ་ལེ་སི་ཐན་གྱི་མི་གསུམ་བསད་པ་རེད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་འཇབ་རྒོལ་དོན་རྐྱེན་དེ་དག་ཐད་ནས་གསལ་སྒྲོག་ཅི་ཡང་སྤེལ་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།