ལེ་པཱ་ནུན་གྱི་སྤྱི་བའི་འཕྲོད་བསྟེན་པུའུ་ཡིས་ཚེས20ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ཉིན་དེར་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ལྷོ་འདབས་སུ་འཇབ་རྒོལ་བྱས་ཏེ། མི12རྐྱེན་ལམ་དུ་ཤོར་བ་དང་། མི66ལ་རྨས་ཕོག་ཡོད་ལ། དེའི་ནང་མི9ཡི་རྨས་སྐྱོན་ཚབས་ཆེན་རེད་ཟེར།
ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། པེ་རུ་ཐིའི་ལྷོ་འདབས་ཀྱི་ཅཱ་མུའུ་སི་ས་ཁུལ་གྱི་བཟོ་བཀོད་ཅིག་ལ་ཚེས20ཉིན་གྱི་ཕྱི་དྲོར་དབྱི་སི་རལ་གྱི་འཕུར་མདའ་བཞིའི་འཇབ་རྒོལ་ཐེབས་ཏེ། མི་མང་བོར་ཤི་རྨས་བཟོས། མིག་སྔར་ལེ་པཱ་ནུན་གྱི་དམངས་སྲུང་དང་འཕྲོད་བསྟེན་ལས་ཁུངས། རྒྱ་གྲམ་དམར་པོ་ཚོགས་པ་སོགས་རྒུད་སྐྱོབ་མི་སྣས་ཡུལ་དངོས་སུ་ཞིག་རོ་གཙང་ཕྱགས་བྱས་ནས་ཤི་རྨས་ཐེབས་པའི་མི་འཚོལ་བཞིན་ཡོད།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས20ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་དོན། དབྱི་སི་རལ་གྱིས་ཉིན་དེར་པེ་རུ་ཐི་རུ་དམིགས་སའི་རང་བཞིན་ལྡན་པའི་འཇབ་རྒོལ་བྱས་པ་དང་། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ལཱ་ཏི་ཝན་དམག་དཔུང་གི་མཐོ་རིམ་བཀོད་འདོམ་དཔོན་པོ་དབྱེ་པུའུ་ལཱ་ཞིན་ཨ་ཅི་ལེ་དང་། དེ་མིན་དམག་དཔུང་དེའི་བཀོད་འདོམ་དཔོན་པོ་འགའ་བསད་ཡོད་ཟེར།
ལེ་པཱ་ནུན་སྲིད་གཞུང་དང་ཀྲིན་ཀྲུའུ་ཏང་གིས་ད་རུང་ཤི་རྨས་ཐེབས་མཁན་གྱི་ཐོབ་ཐང་གསལ་བོར་བསྒྲགས་མེད།
ལེ་པཱ་ནུན་གྱི་ཙུང་ལི་མུས་ཁཱ་ཐིས་ཀྱིས་ཚེས20ཉིན་ནེ་ཀིའི་གྲོས་ཚོགས་སྟེང་བསྟན་དོན། དབྱི་སི་རལ་གྱི་འཇབ་རྒོལ་དམིགས་འབེན་ནི་མི་གྲངས་མང་བོ་འདུས་སྡོད་བྱེད་སའི་སྡེ་ཁུལ་ཡིན་པ་དང་། དབྱི་སི་རལ་གྱིས་མི་ཆོས་རིང་ལུགས་དང་བཅའ་ཁྲིམས་སོགས་ལ་བསམ་བློ་གཏོང་བར་དོ་སྣང་གཏན་ནས་མི་བྱེད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ལ་གནོན་ཤུགས་སྟེར་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།