ཕེ་རུའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་ཀྲུང་གོ་དང་ཕེ་རུའི་དངོས་གཉེར་མཉམ་ལས་འགྲེམ་སྟོན་དེ་ཚེས19ཉིན་ཕེ་རུའི་རྒྱལ་ས་ལེ་མཱ་ནས་སྤེལ། འགྲེམ་སྟོན་དེས་པར་རིས་དང་དཔེ་དབྱིབས། བརྙན་རིས་སོགས་ཀྱི་རྣམ་པར་བརྟེན་ནས་ཀྲུང་གོ་དང་ཕེ་རུའི་དངུལ་གཏོང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལས་གཞི་སྤེལ་བའི་གནས་ཚུལ་དང་དེའི་གྲུབ་འབྲས་ལས་ཕེ་རུའི་སྤྱི་ཚོགས་དང་མི་དམངས་ལ་ཕན་ཐོགས་བྱུང་བའི་དོན་དངོས་གནས་ཚུལ་མཚོན་པར་བྱས།
ཕེ་རུ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་སུང་དབྱང་གིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་དང་ཕེ་རུའི་དངོས་གཉེར་མཉམ་ལས་ཀྱི་འགྲེམ་སྟོན་དེ་ལས་རྒྱལ་ཁབ་གཉིས་ཀྱིས་གཉིས་ཕན་གཉིས་རྒྱལ་གྱི་འཕེལ་རྒྱས་བགྲོད་ལམ་སྟེང་ནས་བླངས་པའི་གྲུབ་འབྲས་གཅིག་བསྡུས་ཀྱིས་མཚམས་སྦྱོར་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་གཏིང་ཚད་དང་ཁྱབ་ཚད། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་བཅས་མཚོན་ཡོད། རྒྱུད་གཅིག་ལམ་གཅིག་གི་ལས་གཞི་གལ་ཆེན་ཞིག་ཡིན་པའི་ཆ་ན། ཆན་ཁའེ་གྲུ་ཁར་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་སེམས་འདུན་འདུས་ཡོད་པ་དང་། ལས་གཞི་དེ་དུས་ལྟར་ལེགས་འགྲུབ་བྱུང་ན་སྒོ་འབྱེད་རྣམ་པ་ཅན་གྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་འཛུགས་སྐྲུན་གྱི་ལམ་ཚད་རྡོ་རིང་ལྟ་བུར་འགྱུར་སྲིད་ཟེར།
ཕེ་རུའི་ཕྱི་འབྲེལ་པུའུ་ཀྲང་སི་ཅི་ཡཱ་ལའེ་ཨར་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཉེ་བའི་ལོ་བཅུ་ཙམ་གྱི་རིང་རྒྱལ་ཁབ་གཉིས་བར་གྱི་དངུལ་གཏོང་དང་ཉོ་ཚོང་ལ་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། ཁྱབ་ཁོངས་གཞན་པའི་བརྗེ་རེས་དེ་ཡང་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་ཡོད། ཕེ་རུ་དང་ཀྲུང་གོའི་མཉམ་ལས་ཀྱི་མཚོན་རྟགས་རང་བཞིན་ལྡན་པའི་ལས་གཞི་ཞིག་ཡིན་པའི་ཆ་ནས། མི་འགྱངས་པར་འགྲུབ་ལ་ཉེ་བའི་ཆན་ཁའེ་གྲུ་ཁ་དེས་མེ་གླིང་ལྷོ་མ་དང་ཨེ་ཤ་ཡཱའི་བར་གྱི་འབྲེལ་འདྲིས་སྔར་ལས་ཇེ་ཟབ་ཏུ་གཏོང་སྲིད་ལ། ཆན་ཁའེ་ནས་ཧྲང་ཧེ་བར་གྱི་གྲུ་གཟིངས་ལམ་ཐིག་དེས་རྒྱལ་ཁབ་གཉིས་བར་གྱི་ཉོ་ཚོང་འགྲོ་འོང་ལ་སྔར་ལས་སྟབས་བདེ་བཟོ་སྲིད་ཟེར།
ཕེ་རུའི་ལས་རིགས་སོ་སོའི་འཐུས་མི་དང་། སྲིད་གཞུང་གི་དཔོན་རིགས། ཁེ་ལས་པ་སོགས་མི100ལྷག་འགྲེམ་སྟོན་མགོ་རྩོམ་པའི་མཛད་སྒོར་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།