རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡིས་ཚེས20ཉིན་གསལ་སྒྲོག་སྤེལ་ཏེ། ཀྲུང་གོ་དང་འཇར་པན་གྱིས་འཇར་པན་གྱི་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་གནད་དོན་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་བར་གཟེངས་བསྟོད་བྱས་པ་དང་། ཀྲུང་གོས་འཇར་པན་གྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་རྒྱལ་སྤྱིའི་ལྟ་ཞིབ་ཚད་འཇལ་གནད་དོན་ཐད་ནས་ནུས་པ་སྔར་ལས་ཆེན་པོ་འདོན་པར་དགའ་བསུ་ཞུས།
གསལ་སྒྲོག་ལས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཀྲུང་གོའི་བར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ་དང་། ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་ཀྱི་ཐུན་མོང་ལྟ་ཚུལ་དངོས་འབེབས་གང་ལེགས་བྱས་ཤིང་། ད་ཡོད་ཀྱི་འཇར་པན་གྱི་རྒྱལ་སྤྱིའི་ལྟ་ཞིབ་ཚད་འཇལ་བྱེད་ཐབས་ཀྱི་རྨང་གཞིའི་སྟེང་བྱེད་ཐབས་སྔར་ལས་ནུས་ལྡན་སྤྱད་དེ། ཀྲུང་གོ་སོགས་ཁེ་ཕན་འབྲེལ་བ་ཅན་གྱི་ཕྱོགས་ཁག་གིས་ནུས་པ་སྔར་ལས་ཆེན་པོ་འདོན་པར་སྐུལ་འདེད་བཏང་སྟེ། འཇར་པན་གྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བར་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་ཀྱི་ཚད་གཞི་བརྩི་སྲུང་ནན་མོ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།
ཉིན་དེར་ཀི་ལོ་ཞི་ཡིས་ཝེ་ཡེ་ནཱ་རུ་ཡོད་པའི་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་པུའུ་ནས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་འཇར་པན་བར་ཐུན་མོང་ལྟ་ཚུལ་འགོད་པར་སྐུལ་འདེད་གཏོང་བའི་ཐད་ཐག་གཅོད་རང་བཞིན་ལྡན་པའི་ནུས་པ་གལ་ཆེན་བཏོན་ཡོད་ཟེར།
ཀི་ལོ་ཞི་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ནང་ཞུགས་ནས་ལོ་ངོ40འགོར་བའི་ལོ་ཡིན་པ་དང་། ལོ་ངོ40རིང་ལ་ཀྲུང་གོས་ཉིང་རྡུལ་ནུས་པའི་ཚན་རྩལ་ཁྱབ་ཁོངས་ནས་བླངས་པའི་འཕེལ་རྒྱས་གྲུབ་འབྲས་ལ་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད་ལ། འཛམ་གླིང་ཡོངས་ཀྱི་སྔོན་ཐོན་གོ་གནས་སུ་གནས་ཡོད། ལས་ཁུངས་དེས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་མདུན་ལྗོངས་རྒྱ་ཆེན་པོ་ཡིན་པས། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དེར་རེ་སྒུག་གིས་ཁེངས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།