མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་ཚེས20ཉིན་བསྟན་དོན། འཛམ་གླིང་ཡོངས་སུ་མི་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ས་ཡ་གཉིས་ཀྱིས་ལྟོགས་སྡུག་མྱོང་བཞིན་ཡོད་པ་དང་། ཁ་གྲངས་དེར་ལཱ་ནེ་ནཱའི་སྣང་ཚུལ་དབང་གིས་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ནས་ཇེ་མཐོར་འགྲོ་ཡང་སྲིད་ཟེར།
རི་ནེ་ཝ་རུ་སྡོད་པའི་འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་འབྲེལ་གཏུག་ཁྲུའུ་ཡི་ཀྲུའུ་རིན་པུས་ཨར་རོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་ཚོད་དཔག་དེ་དྲངས་ནས་བཤད་རྒྱུར། ཐེངས་འདིའི་ལཱ་ནེ་ནཱའི་སྣང་ཚུལ་ནི2023ལོ་ནས2024ལོའི་བར་གྱི་ཨིག་ཨར་ནེ་ནོའུ་སྣང་ཚུལ་དང་བསྟུན་ནས་བྱུང་བ་ཡིན་ལ། ད་ལོའི་ཟླ9བ་ནས་ཟླ11པའི་བར། མིག་སྔའི་སྣང་ཚུལ་དེ་ལཱ་ནེ་ནཱའི་སྣང་ཚུལ་དུ་བསྒྱུར་སྲིད་པའི་ཚད་བརྒྱ་ཆའི་ང་ལྔ་ཡིན་ཟེར།
ཨིག་ཨར་ནེ་ནོའུ་སྣང་ཚུལ་ལས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ཐལ་དྲགས་པའི་ནམ་ཟླ་བྱུང་བ་དང་། དཔེར་ན་ཨ་ཧྥེ་རི་ཁ་ལྷོ་ཕྱོགས་ས་ཁུལ་གྱི་ཐན་སྐམ་ཆེན་མོ་དང་། ཨ་ཧྥེ་རི་ཁའི་གླིང་སྣེའི་ལོ་མང་བོའི་ཐན་སྐྱོན་རྗེས་ནས་བྱུང་བའི་ཆུ་ལོག་གི་གནོད་འཚེ་སོགས་ཡིན་ལ། དེ་ནི་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་གནོད་སྐྱེལ་བའི་རྒྱུ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད།
པུས་ཨར་རོང་གིས་བཤད་རྒྱུར། ལཱ་ནེ་ནཱའི་སྣང་ཚུལ་ལས་གནོད་ཐེབས་ས་ཁུལ་སྔར་ལས་ཉམ་ཞན་དུ་འགྱུར་སྲིད། ཐལ་དྲགས་པའི་ནམ་ཟླའི་དོན་རྐྱེན་མང་དུ་བྱུང་བ་ལས་ལོ་མང་བོའི་འཕེལ་རྒྱས་འཕེལ་རིམ་བསྒྱུར་སྲིད་པ་དང་། འབྲུ་རིགས་ཀྱི་རིན་གོང་ཇེ་མཐོར་འགྲོ་བ་དང་། འབྲུ་རིགས་ཀྱི་བདེ་འཇགས་ལ་གཏོར་བརླག་བྱས་ནས། འཚོ་བཅུད་མི་འདང་བའི་སྣང་ཚུལ་ཇེ་སྡུག་ཏུ་འགྲོ་སྲིད། ཞིང་ལས་འབྲུ་རིགས་མ་ལག་དེ་ནམ་ཟླའི་འགྱུར་ལྡོག་ལ་ཚོར་བ་ཧ་ཅང་སྐྱེན་པ་དང་། ས་གཤིས་ཞན་འགྱུར་དང་ཆུ་གཤིས་ཞན་འགྱུར་སོགས་ཤུགས་རྐྱེན་དུས་ཡུན་རིང་བོར་འབྱུང་ཡང་སྲིད། འདེབས་འཛུགས་དུས་ཚིགས་ལ་ངེས་གཏན་མེད་པ་དང་ལོ་ཏོག་གི་ཐོན་ཚད་ཇེ་དམའ་རུ་འགྲོ་བ། ཕྱུགས་ཟོག་ལ་གྱོང་གུད་བྱུང་ནས་ཞིང་བའི་ཐོན་སྐྱེད་ཀྱི་རྒྱུན་བསྲིངས་དཀའ་བར་གྱུར་བ་སོགས་ལས་མི་ས་ཡ་མང་བོ་ལྟོགས་སྡུག་དང་དབུལ་ཕོངས་ཀྱི་གནས་སུ་ལྷུང་སྲིད་ཟེར།
པུས་ཨར་རོང་གིས་མཚམས་སྦྱོར་བྱས་དོན། མུ་མཐུད་དུ་རང་འགུལ་གྱིས་བྱ་སྤྱོད་སྤེལ་ཆེད། འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་ལཱ་ནེ་ནཱའི་སྔོན་འགོག་འགུལ་སྐྱོད་དང་ཐག་གཅོད་འཆར་གཞི་བཏོན་ཡོད་ལ། དམིགས་ཡུལ་ནི་ཉེན་ཁ་ཆེ་བའི་མི་བྱེ་བ་གཅིག་དང་འབུམ་ལྔར་རོགས་རམ་བྱེད་པའི་ཆེད་དུ་ཡིན། འཆར་གཞི་དེས་མེ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཅིག་ས་ཡ་བརྒྱད་ཀྱི་མ་དངུལ་གསོག་ནས་ལཱ་ནེ་ནཱའི་སྣང་ཚུལ་ལས་བྱུང་བའི་ཐལ་དྲགས་པའི་ནམ་ཟླའི་དོན་རྐྱེན་ཐག་གཅོད་བྱེད་དགོས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།