དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་གཞི་རྒྱ་ཆེ་བའི་ཆམ་ཕབ་འགུལ་སྐྱོད་སྤེལ།
2024.09.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པ་ཧཱ་ཅཱ་ལི་ཡིས་ཚེས21ཉིན་གྱི་དགོང་མོར་བརྙན་རིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་དུ་མེ་ཤུགས་འཕུར་མདའི་འཇབ་རྒོལ་བྱེད་རྩིས་ཡོད་པ་ཤེས་རྗེས། ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་དུ་གཞི་རྒྱ་ཆེ་བའི་ཆམ་ཕབ་འགུལ་སྐྱོད་སྤེལ་བ་ཡིན་ཟེར།

ཧཱ་ཅཱ་ལི་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་འཐབ་འཛིང་གནམ་གྲུ་བཅུ་ཕྲག་འགའ་མངག་ནས་ཀྲིན་ཀྲུའུ་ཏང་གི་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱེད་སའི་སྒྲིག་ཆས་བཞི་བརྒྱ་ཙམ་ལ་ཆམ་ཕབ་བཏང་བ་དང་། དེའི་ནང་མེ་ཤུགས་འཕུར་མདའི་གཏོང་འཕེན་ཆས་སྟོང་ཕྲག་འགའ་ཡོད་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་གོ་རིམ་ལྡན་པའི་སྒོ་ནས་ཀྲིན་ཀྲུའུ་ཏང་གི་འཐབ་འཛིང་ནུས་པ་ཉམས་དམས་སུ་གཏོང་བཞིན་ཡོད་ཟེར།

ཧཱ་ཅཱ་ལི་ཡིས་མང་ཚོགས་དག་གིས་ས་གནས་རང་གི་བཅའ་སྡོད་དམག་སྤྱི་ཁང་གིས་གསར་དུ་སྤེལ་བའི་འགོག་སྲུང་ཕྱོགས་སྟོན་བརྩི་སྲུང་བྱེད་དགོས་པ་དང་། འབྲེལ་ཡོད་ཀྱི་འགོག་སྲུང་ཚད་བཀག་བྱེད་ཐབས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན། ཁོས་བཤད་རྒྱུར། དབྱི་སི་རལ་བྱང་ཕྱོགས་ཀྱི་ཧེ་ཧྥ་གྲོང་ཁྱེར་དང་བྱང་ཕྱོགས་ས་ཁུལ་གྱི་སློབ་ཁྲིད་དང་བྱ་བའི་བྱ་འགུལ་དེ་གཏན་འཁེལ་བྱས་པའི་དུས་ཚོད་ནང་དུ་སྲུང་སྐྱོབ་བྱེད་སའི་གནས་སུ་མུ་མཐུད་དུ་སྤེལ་རྒྱུ་ཡིན་པ་དང་། འདུ་ཚོགས་བྱ་འགུལ་སྤེལ་སྐབས་ཁང་བའི་ནང་དུ་ཆེས་མང་ན་མི་སུམ་བརྒྱ་དང་ཕྱི་རོལ་དུ་ཆེས་མང་ན་མི་སུམ་ལས་འདུས་མི་རུང་། ཚེས21ཉིན་གྱི་ནམ་གུང་དང་ཚེས22ཉིན་གྱི་ཞོགས་པར་འགོག་སྲུང་ཕྱོགས་སྟོན་ལ་འགྱུར་ལྡོག་ཅི་ཞིག་ཡོད་ན། དམག་ཕྱོགས་ཀྱིས་དུས་ལྟར་བརྡ་ཐོ་གཏོང་ངེས་ཡིན་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས21ཉིན་གྱི་ཕྱི་དྲོར་གསལ་སྒྲོག་སྤེལ་ཏེ། འདས་པའི་ཉིན་གཅིག་གི་ནང་དབྱི་སི་རལ་བྱང་ཕྱོགས་ཀྱི་ཅཱ་ལེ་ལེ་མཚོ་མོའི་ས་ཁུལ་དང་ཚེ་ཧྥ་ཐི་གྲོང་ཁྱེར། དེ་མིན་དབྱི་སི་རལ་གྱིས་བཙན་བཟུང་བྱས་པའི་ཀི་ལན་མཐོ་ས་བཅས་ལ་ཉེན་བརྡ་བཏང་བ་དང་། མེ་ཤུགས་འཕུར་མདའ་དགུ་བཅུ་ཙམ་ལེ་པཱ་ནུན་གྱི་ཕྱོགས་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་གཏོང་འཕེན་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།